༄༅། །ཕི་ལིབ་པི་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག. 1. དེ་ཡང་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པ་ཕོལ་ལོལ་ང་རང་དང་ཐི་མོ་ཐེ་གཉིས་ཀྱིས། ཕི་ལིབ་པི་རུ་ཡོད་པ་དང་མཱ་ཤི་ཀ་ཡེ་ཤུའི་ནང་གི་དད་ལྡན་དམ་པ་རྣམས༌དང༌། ཆོས་ཚོགས་ཀྱི་དོ་དམ་པ་རྣམས། ལས་འཛིན་པ་རྣམས་བཅས་ལ་འཕྲིན་ཡིག་འདི་སྤྲིངས༌པ་ཡིན། བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན། བདག་གིས་ཁྱོད་རྣམས་དྲན་ཐེངས་རེ་རེར་ང་ཡི་དཀོན་མཆོག་ལ་བཀའ་དྲིན་ཞུས་ཤིང་། ཁྱོད་ཅག་ཐམས་ཅད་ཀྱི་དོན་དུ་གསོལ་བ་འདེབས་ཐེངས་རེ་རེར། རྒྱུན་དུ་དགའ་སྤྲོའི་ངང་ནས་གསོལ་བ་བཏབ་པའོ།། རྒྱུ་མཚན་ནི་ཉིན་དང་པོ་ནས་ད་ལྟའི་བར༌དུ། ཁྱོད་རྣམས་ཀྱིས་བློ་སེམས་གཅིག་མཐུན་གྱིས་འཕྲིན་བཟང་བདག་དང་མཉམ་འབྲེལ་སྤེལ་བའི་ཕྱིར༌རོ།། ཁྱོད་རྣམས་ཀྱི་སེམས་སུ་ལས་བཟང་པོ་སྒྲུབ་འགོ་རྩོམ་མཁན་དེ་ཉིད་ཀྱིས། མཱ་ཤི་ཀ་ཡེ་ཤུའི་ཉིན་མོ་སླེབས་པའི་བར༌དུ། ལས་དེ་འགྲུབ་པར་མཛད་ངེས་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད་དོ།། ངས་ཁྱོད་རྣམས་ལ་འདི་ལྟ་བུའི་བསམ་པ་བཅང་འོས་པ་ཡིན༌ཏེ། ཁྱོད་རྣམས་རྟག་ཏུ་ངའི་སེམས་སུ་གནས༌ཤིང༌། ང་རང་བཙོན་དུ་ཡོད་པའམ་འཕྲིན་བཟང་ལ་ཁུངས་བཅོལ༌ཞིང༌བདེན་དཔང་བྱེད་པའི་དུས་ནམ་ཞིག་ལའང་ཁྱོད་རྣམས་ཐམས་ཅད་ནི་བདག་དང་མཉམ་དུ་ཐུགས་རྗེ་ཐོབ་མཁན་ཡིན། ངས་མཱ་ཤི་ཀ་ཡེ་ཤུའི་བྱམས་བརྩེ་བཞིན་དུ་སེམས་གཏིང་ནས་ཁྱོད་རྣམས་ཤིན་ཏུ་དྲན་པ༌དང༌། དོན་འདིར་དཀོན་མཆོག་གིས་ཀྱང་བདག་ལ་བདེན་དཔང་མཛད་པ་ལགས་སོ།། ངས་གསོལ་བ་འདེབས་དོན་ནི་ཁྱོད་ཅག་གི་བྱམས་པ་དེ་ཤེས་ཡོན་དང་མཐོང་རྒྱ་སྣ་ཚོགས་ཀྱི་ཆ་ནས་སྔར་ལས་ལྷག་ཏུ་འཕེལ༌ཏེ། ཁྱོད་རྣམས་ཀྱིས་བདེན་རྫུན་གྱི་དབྱེ་བ་འབྱེད་ཐུབ་པ༌དང༌། སྐྱབས་མགོན་མཱ་ཤི་ཀའི་ཉིན་མོ་སླེབས་པའི་བར༌དུ། གཞུང་དྲང་སྐྱོན་མེད་ཀྱི་མི་ཞིག་ཏུ་འགྱུར་བ༌དང༌། ཡེ་ཤུ་མཱ་ཤི་ཀར་བརྟེན་ནས་དྲང་བདེན་གྱི་འབྲས་བུ་མང་དུ་བསྐྱེད༌དེ། དཀོན་མཆོག་ལ་གཟི་བརྗིད་དང་བསྟོད་བསྔགས་འབུལ་བའི་ཕྱིར༌རོ།། སྤུན་ཟླ༌རྣམས། ངས་ཁྱོད་རྣམས་ལ་ཤེས་སུ་འཇུག་འདོད་པ་ནི། བདག་ལ་བྱུང་བའི་དོན་དེས་འཕྲིན་བཟང་སྔར་ལས་འཕེལ་བར་བྱས༌ཤིང༌། ཐ་ན་ང་རང་བཙོན་དུ་འཇུག་དོན་ཡང་ཕོ་བྲང་ནང་གི་དམག་མི་དང་མི་གཞན་ཐམས་ཅད་ཀྱི་ཁྲོད༌དུ། སྐྱབས་མགོན་མཱ་ཤི་ཀའི་ཆེད་དུ་ཡིན་པ་གསལ་པོར་མངོན་ནོ།། གཞན༌ཡང༌། གཙོ་བོ་ནང་གི་སྤུན་ཟླ་མང་ཤོས་ཀྱང་ང་རང་བཙོན་དུ་སྦྱར་བའི་རྐྱེན་གྱིས་དད་མོས་ཆེ་ཞིང་ཐེ་ཚོམ་མེད་པ༌དང༌། སྔར་ལས་ཀྱང་སྙིང་སྟོབས་བསྐྱེད་ནས་དཀོན་མཆོག་གི་བཀའ་སྒྲོག་པ་ལ་འཇིགས་པ་ཅི་ཡང་མེད༌དོ།། མི་ལ་ལས་སྐྱབས་མགོན་མཱ་ཤི་ཀའི་ཆོས་སྒྲོག་པ་ནི་ཕྲག་དོག་དང་འགྲན་སེམས་ཀྱི་རྐྱེན་ཡིན་པ༌དང༌། ལ་ལ་ནི་ཕན་འདོགས་པའི་སེམས་ཡིན༌ཏེ། སྔ་མ་རྣམས་ཀྱིས་སེམས་དྲང་པོ་མ་བཅངས༌པར་སྒེར་སེམས་ངང་ནས་ཆོས་སྒྲོག༌ཅིང༌། བཙོན་དུ་བཅུག་པ་ང་རང་ལ་སྡུག་བསྔལ་ཇེ་ཆེར་གཏོང་འདོད༌པ་ཡིན། ཕྱི་མ་རྣམས་ཀྱིས་བྱམས་པའི་ངང་ནས་ཆོས་སྒྲོག་ཅིང་ང་རང་ནི་འཕྲིན་བཟང་ལ་བདེན་དཔང་བྱེད་པའི་ཆེད་དུ་བསྐོས་པ་ཤེས་སོ།། དེར་སྐྱོན་ཅི་ཡོད་དམ། སྔ་ཕྱིའི་བདེན་རྫུན་གང་ཡིན་ཡང་མཐར་ཐུག་སྐྱབས་མགོན་མཱ་ཤི་ཀའི་ཆོས་བསྒྲགས་པ་ཡིན༌པས། ང་རང་ད་ལྟ་དགའ་ཞིང་ཕྱིས་སུའང་དགའ་བར་འགྱུར། ཅིའི་ཕྱིར་ཞེ་ན། དོན་འདི་ནི་ཁྱོད་ཅག་གི་གསོལ་འདེབས་དང་ཡེ་ཤུ་མཱ་ཤི་ཀའི་ཐུགས་ཉིད་ཀྱིས་རོགས་རམ་མཛད་པ་བརྒྱུད༌ནས། མཇུག་མཐར་ང་རང་ཐར་བར་འགྱུར་བ་བདག་གིས་ཤེས་པས༌སོ།། བདག་གིས་ཡིད་སྨོན་དང་རེ་འདུན་ཆེན་པོ་བཅངས་པ༌ལྟར། བདག་ལ་ངོ་གནོང་དགོས་པའི་དོན་གཅིག་ཀྱང་མེད༌དེ། བདག་ལ་ཤི་གསོན་གང་འདྲ་བྱུང་ནའང་སྤོབས་པ་ཆེན་པོ་བཅངས༌ཏེ། སྔར་བཞིན་ད་ལྟ་ཡང་ངའི་ལུས་སྟེང་ནས་སྐྱབས་མགོན་མཱ་ཤི་ཀའི་གཟི་བརྗིད་མངོན་པར༌འགྱུར་རོ།། ཅིའི་ཕྱིར་ཞེ་ན། ང་རང་གསོན་པོར་འཚོ་བ་ནི་སྐྱབས་མགོན་མཱ་ཤི་ཀའི་ཆེད་དུ་ཡིན༌ལ། ང་རང་འཆི་བར་གྱུར་ནའང་བདག་ལ་ཕན་ཐོགས་ཡོད་པའི་ཕྱིར༌ཡིན། འོན༌ཀྱང༌། ངའི་ལུས་པོ་གསོན་པོར་འཚོ༌ཞིང༌། བདག་གིས་འབད་པའི་ལས་ལ་འབྲས་བུ་བྱུང༌ནའང༌། ངས་གང་ཞིག་གདམ་རྒྱུ་མི་ཤེས། ད་ནི་ང་རང་ཅི་བྱེད་འདི་བྱེད་མེད་པར་གྱུར༌ཅིང༌། འཇིག་རྟེན་དང་ཁ་བྲལ་ནས་སྐྱབས་མགོན་མཱ་ཤི་ཀ་དང་མཉམ་དུ་གནས་པ་ནི་དོན་ཀུན་གྱི་མཆོག་ཡིན་པས། ངས་དེ་ལྟར་བྱ་འདོད༌ནའང༌། ཁྱོད་རྣམས་ཀྱི་ཆེད་དུ་བདག་གི་ལུས་པོ་གསོན་པོར་འཚོ་བ་ནི་དེ་བས་ཀྱང་གལ༌ཆེའོ།། བདག་ལ་འདི་ལྟ་བུའི་ཡིད་ཆེས་ཟབ་མོ་ཡོད༌པས། ཁྱོད་ཅག་གི་དད་པ་ཇེ་བརྟན་དང་དགའ་སྤྲོའང་ཇེ་ཆེར་འགྱུར་བའི༌ཕྱིར། བདག་ནི་སྔར་བཞིན་འཇིག་རྟེན་དུ་གསོན་པོར་འཚོ་ཞིང་ཁྱོད་ཅག་དང་མཉམ་དུ་སྡོད་པར་འགྱུར་བའང་ཤེས། ང་རང་སླར་ཡང་ཁྱོད་ཅག་གི་གམ་དུ་སླེབ་པར་འགྱུར་བའི་རྐྱེན༌གྱིས། ཁྱོད་ཅག་གིས་མཱ་ཤི་ཀ་ཡེ་ཤུའི་ནང་དུ་བསྔགས་པའི་དགའ་སྤྲོ་ནི་སྔར་ལས་ཀྱང་ཇེ་ཆེར་འགྱུར༌རོ།། ཁྱོད་ཅག་གི་སྤྱོད་ལམ་ནི་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་དང་མཐུན་པར༌གྱིས། དེ་ནི་ང་རང་ཁྱོད་ཅག་གི་གམ་དུ་ཡོང༌བའམ། ཡང་ན་ཁྱོད་ཅག་གི་གམ་དུ་མེད་པ་གང་ཡིན་ཡང་ཁྱོད་ཅག་གི་གནས་ཚུལ་ཐོས༌ཤིང༌། ཁྱོད་ཅག་ལ་དམིགས་ཡུལ་གཅིག་མཚུངས་ཡོད་པ་དང་བརྟན་པོར་གནས་པར་བྱས༌ཏེ། བདག་ཅག་གིས་འཕྲིན་བཟང་གི་དད་པའི་ཆེད༌དུ། བློ་སེམས་རྩེ་གཅིག་གིས་ཧུར་བརྩོན་བྱེད་བཞིན་པའང་བདག་གིས་ཤེས་པར་འགྱུར་བའི་ཕྱིར༌ཡིན། དོན་གང་ལ་ཕྲད་ནའང་དགྲ་བོའི་འཇིགས་སྐུལ་ལ་མི་སྐྲག་པར༌གྱིས། དེ་ནི་དགྲ་བོ་རྣམས་འཇིག་ཅིང་ཁྱོད་རྣམས་ལ་ཐར་པ་ཐོབ་པའི་རྟགས་ཡིན༌ལ། དེ་ནི་དཀོན་མཆོག་ནས་བྱུང་བ་ལགས་སོ།། ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ཀྱིས་སྐྱབས་མགོན་མཱ་ཤི་ཀར་དད་པ་བྱེད་པ་ལས༌གཞན། ཁོང་གི་ཆེད་དུ་ཁྱོད་རྣམས་ལ་སྡུག་བསྔལ་མྱོང་བའི་ཐུགས་རྗེ་ཡང་གནང་བ༌དང༌། ཁྱོད་ཅག་ལ་འབྱུང་བའི་འཁྲུག་རྩོད་ནི་ཁྱོད་ཅག་གིས་བདག་ལ་བྱུང་བའི་དོན་རྣམས་སྔོན་ཆད་མཐོང་ཞིང་ད་ལྟ་ཐོས་པ་དང་གཅིག་མཚུངས་ཡིན༌ནོ།།