ཨིབ་རི་པ།. 8. ངེད་ཅག་གིས་བརྗོད་པའི་དོན་གྱི་སྙིང་པོ་ནི་བདག་ཅག་ལ་འདི་ལྟ་བུའི་མཆོད་དཔོན་ཆེན་པོ་ཞིག་ཡོད༌ཅིང༌། ཁོང་ནི་ནམ་མཁའི་ཞིང་ཁམས་ཀྱི་གཟི་བརྗིད་ཆེན་པོ་དེ་ཉིད་ ཀྱི་བཞུགས་ཁྲིའི་གཡས་ཕྱོགས་སུ་བཞུགས་པ་དེ་ཡིན་ལ། ཁོང་གིས་གནས་མཆོག་སྟེ་གུར་མཆོག་དངོས་མའི་ནང་དུ་འཕྲིན་ལས་མཛད་ཅིང༌། གུར་མཆོག་དེ་ནི་གཙོ་བོས་བཞེངས་པ་ལས་མི་ཡིས་ཕུབ་པ་མ་ཡིན༌ནོ།། མཆོད་དཔོན་ཆེན་པོ་ཐམས་ཅད་ནི་ཕྱག་རྟེན་དང་མཆོད་པ་འབུལ་བའི་ཆེད་དུ་བསྐོས་པ་ཡིན༌པས། མཆོད་དཔོན་ཆེན་པོ་དེ་ཉིད་ལའང་ངེས་པར་མཆོད་པ་གང་རུང་ཞིག་འབུལ་རྒྱུ་དགོས་སོ༎ གལ་ཏེ། མཆོད་དཔོན་ཆེན་པོ་དེ་ཉིད་འཇིག་རྟེན་དུ་བཞུགས་པ་ཡིན་ན། ཁོང་ནི་མཆོད་དཔོན་ཡང་ཡིན་མི་སྲིད། ཅིའི་ཕྱིར་ཞེ་ན། བཀའ་ཁྲིམས་ལྟར་འབུལ་བ་འབུལ་མཁན་རྣམས་ཡོད་པའི་ཕྱིར་རོ།། དེ་དག་གིས་ཞབས་ཏོག་སྒྲུབ་པའི་དོན་དེ་ནི་ནམ་མཁའི་ཞིང་ཁམས་ཀྱི་སྣང་བརྙན་དང་གྲིབ་གཟུགས་ཇི་བཞིན་ཡིན། དེ་ནི་མོ་ཤེ་ཡིས་གུར་མཆོག་བཟོ་བར་རྩོམ་དུས། དཀོན་མཆོག་གིས་ཁོང་ལ་ཉེན་བརྡ་འདི་སྐད༌བཏང་བ་སྟེ། ཁྱོད་ཀྱིས་མཉམ་པར་འཇོག་འོས་པ་ནི། དངོས་པོ་སྣ་ཚོགས་བཟོ་དུས་རི་མགོ་ནས་ཁྱོད་ལ་བསྟན་པའི་དཔེ་བཞིན་བཟོ་དགོས་ཞེས་གསུངས་པ་བཞིན་ནོ།། སྐྱབས་མགོན་ཡེ་ཤུ་ནི་དེ་ལས་ཀྱང་ཕུལ་དུ་བྱུང་བའི་ཞལ་ཆད་ཀྱི་བར་མི་རུ་མཛད་པ་བཞིན་དུ། ད་ལྟ་ཁོང་ལ་ཐོབ་པའི་ཞབས་ཏོག་གི་ལས་འགན་ནི་དེ་ལས་ཀྱང་ཁྱད་དུ་འཕགས༌པ་ཡིན། ཞལ་ཆད་འདི་ནི་དེ་ལས་ཁྱད་དུ་འཕགས་པའི་ཞལ་བཞེས་ལ་བརྟེན་ནས་བཙུགས་པའོ།། ཞལ་ཆད་སྔ་མ་ལ་འཕན་ཟེལ་ཅི་ཡང་མེད་པ་ཡིན་ན། ཞལ་ཆད་ཕྱི་མ་འཚོལ་དགོས་དོན་མེད༌པས། གཙོ་བོས་ཁོང་གི་འབངས་མི་ལ་འདི་སྐད་བཀའ་བཀྱོན་གནང་བ་སྟེ། ལྟོས་དང༌། བདག་གིས་ཡེས་ར་ཨེལ་དང་ཡ་ཧུ༌དཱ།། ཁྱིམ་རྒྱུད་གཉིས་ལ་ཞལ་ཆད་གསར་པ༌ཞིག ། གནང་བའི་དུས་ལ་སླེབ་ཅིང་སླེབས་ལ་ཉེ།། དེ་ནི་བདག་གིས་ཁོ་ཚོའི་མེས་པོ༌ཡི།། ལག་པར་འཇུས་ཏེ་ཨེ་ཅིབ་ཡུལ་གང་ནས།། ཕྱི་རུ་ཁྲིད་ནས་ཡོང་དུས་བཞག་པ༌ཡི།། ཞལ་ཆད་དེ་དང་གཏན་ནས་མི་འདྲ་བའོ།། བདག་གིས་བཞག་པའི་ཞལ་ཆད་དེ་ཉིད་ནི།། ཁོ་ཚོས་བློ་སེམས་བརྟན་པོས་མ་བསྲུངས༌པས།། བདག་གིས་ཁོ་ཚོར་གཟིགས་སྐྱོང་མི་མཛད༌ཅེས།། གཙོ་བོས་དེ་ལྟར་གསུངས་པ་ཡིན་ལགས༌སོ།། ཞེས་གསུངས་པ་དང་། ཡང་འདི་སྐད་དུ། ཉིན་མོ་དེ་དག་རྗེས་སུ་བདག་གིས༌ནི།། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དེ་རྣམས་ལ།། ཞལ་ཆད་མཛད་པ་འདི་ཡིན་གཙོ་བོས༌གསུངས།། བདག་གིས་རང་གི་བཀའ་ཁྲིམས་དེ་རྣམས༌ནི།། ཁོ་ཚོའི་ཡིད་ལ་འཇོག་ཅིང་སེམས་ལ་བརྐོ།། བདག་ནི་ཁོ་ཚོའི་དཀོན་མཆོག་ཡིན་པ༌དང༌།། དེ་རྣམས་བདག་གི་འབངས་མི་ཡིན་པར༌འགྱུར།། ཆེ་ཆུང་ཀུན་གྱིས་ང་རང་ངོ་ཤེས༌པས།། ཁོ་ཚོས་རང་གི་སྤུན་དང་ཡུལ་མི༌ལ།། ཁྱོད་ཀྱིས་གཙོ་བོ་ཁོང་ངོ་ཤེས་པར་གྱིས།། ཞེས་པའི་ཁ་བསྒོ་གནང་བའི་དགོས་པ་མེད།། བདག་གིས་ཁོ་ཚོའི་ཉེས་པར་གུ་ཡངས༌གཏོང་།། ཁོ་ཚོའི་སྡིག་པ་ནམ་ཡང་དྲན་མི་འགྱུར།། ཞེས་གསུངས་སོ།། མདོར་ན། ཁོང་གིས་ཞལ་ཆད་གསར་པ་ཞེས་བརྗོད་པ་དེ་ལས་ཞལ་ཆད་སྔ་མ་དེ་རྙིང་པར་བརྩིས༌པ་ཤེས་ཤིང་། རིམ་བཞིན་རྙིང་ཞིང་ཉམས་པར་གྱུར་པ་དེ་ནི་མི་འགྱང་བར་མེད་པར་འགྱུར༌ངེས་སོ།།