༄༅། །མངོན་པའི་མདོ།. 1. དེ་ཡང་ཡེ་ཤུ་མཱ་ཤི་ཀའི་མངོན་པ་ནི་དཀོན་མཆོག་གིས་ཁོང་ལ་གནང་ཞིང་། དེ་ནི་མྱུར་དུ་འགྲུབ་ངེས་པའི་དོན་རྣམས་ཁོང་གི་ཞབས་ཕྱི་པ་རྣམས་ལ་སྟོན་པར་མཛད་པའི་ཕྱིར་ཡིན་ལ། ཁོང་གིས་ཕོ་ཉ་མངགས་པ་བརྒྱུད་ནས་རང་ཉིད་ཀྱི་ཞབས་ཕྱི་པ་ཡོ་ཧ་ནན་ལ་གསལ་པོར་སྟོན་པར་མཛད་དོ།། ཡོ་ཧ་ནན་གྱིས་དཀོན་མཆོག་གི་བཀའ་དང་ཡེ་ཤུ་མཱ་ཤི་ཀའི་བདེན་དཔང་ལ་རང་གིས་ཅི་མཐོང་བ་ཐམས་ཅད་བཞིན་ར་སྤྲོད་བྱས་པ་ཡིན། ལུང་བསྟན་འདིའི་ཚིག་རྣམས་ཀློག་མཁན་དང་། དེའི་ནང་དུ་ཅི་བཀོད་ཡོད་པ་ཐོས་ཤིང་ཇི་བཞིན་སྲུང་མཁན་རྣམས་ནི་བྱིན་རླབས་ཅན་ཡིན་ཏེ། རྒྱུ་མཚན་ནི་དུས་དེ་སླེབས་ལ་ཉེ་བའི་ཕྱིར་རོ།། ཡོ་ཧ་ནན་གྱིས་ཨེ་ཞི་ཡཱ་ཡུལ་དུ་ཡོད་པའི་ཆོས་ཚོགས་བདུན་ལ་འདི་ལྟར་སྨྲས་པ་སྟེ། ད་ལྟ་བཞུགས་པ་དང་། སྔར་མཆིས་པ། ཕེབས་པར་ངེས་པའི་དཀོན་མཆོག་དང་། ཁོང་གི་བཞུགས་ཁྲིའི་དྲུང་དུ་ཐུགས་ཉིད་བདུན་པོ་དང་། གཞུང་དྲང་གིས་བདེན་དཔང་མཛད་ཅིང་གཤིན་པོ་རྣམས་ལས་ཐོག་མར་སླར་གསོན་པ། འཇིག་རྟེན་གྱི་རྒྱལ་པོ་རྣམས་ཀྱི་མངའ་བདག་སྟེ་ཡེ་ཤུ་མཱ་ཤི་ཀ་བཅས་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར་སྨོན། ཁོང་གིས་བདག་ཅག་ལ་བྱམས་ཤིང་ཉིད་ཀྱི་སྐུ་ཁྲག་གིས་བདག་ཅག་སྡིག་པ་ལས་ཐར་བར་མཛད་པ་དང་། ཡང་བདག་ཅག་ནི་རྒྱལ་སྲིད་ཅིག་དང་ཁོང་གི་ཡབ་དཀོན་མཆོག་ལ་མཆོད་དཔོན་དུ་མཛད་དོ།། ཁོང་ལ་ནམ་ཡང་གཟི་བརྗིད་དང་མངའ་ཐང་ལྡན་པར་སྨོན། ཨ་མེན།། ལྟོས་དང་། ཁོང་ཉིད་སྤྲིན་དང་བཅས་ཕེབས་ཡོང་བ་དང་། མིག་ལྡན་ཐམས་ཅད་ཀྱིས་མཐོང་བར་འགྱུར་ཞིང་། ཐ་ན་ཁོང་ལ་མདུང་གིས་སྣུན་མཁན་རྣམས་ཀྱིས་ཀྱང་མཐོང་བར་འགྱུར་ལ། ས་སྟེང་གི་མི་རིགས་ཐམས་ཅད་ཀྱིས་ཁོང་གི་ཕྱིར་དུ་ངུ་འབོད་བྱེད་པར་འགྱུར་རོ།། དེ་བདེན་ནོ། །ཨ་མེན། གཙོ་བོ་དཀོན་མཆོག་གིས་འདི་སྐད་དུ། བདག་ནི་ཨལ་ཕཱ་དང་ཨོ་མེ་ཀ་ཡིན་ལ། ད་ལྟ་བཞུགས་པ་དང་། སྔར་མཆིས་པ། ཕེབས་པར་ངེས་པའི་ཀུན་དབང་དེ་ཉིད་ཡིན་ཞེས་གསུངས་སོ།། ཡོ་ཧ་ནན་ང་རང་ནི་ཁྱོད་ཅག་གི་སྤུན་ཟླ་ཡིན་ཞིང་། སྐྱབས་མགོན་ཡེ་ཤུའི་ནང་དུ་ཡོད་པའི་དཀའ་སྡུག་དང་། རྒྱལ་སྲིད། བཟོད་བསྲན་བཅས་སུ་མཉམ་འགྲོགས་ཡིན་ལ། དཀོན་མཆོག་གི་བཀའ་དང་སྐྱབས་མགོན་ཡེ་ཤུའི་དོན་དུ་བདེན་དཔང་བྱས་པའི་རྐྱེན་གྱིས། སྔར་པེད་མོ་ཟེར་བའི་གླིང་ཕྲན་དུ་བསྡད་མྱོང་ངོ་༎ གཙོ་བོའི་ཉིན་མོ་ལ། ང་རང་དམ་པའི་ཐུགས་ཉིད་ཀྱི་ནང་དུ་དྲངས་ཏེ། ངའི་རྒྱབ་ཕྱོགས་སུ་དུང་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་གྲགས་པ་ཐོས་ཤིང་འདི་སྐད་དུ། ཁྱོད་ཀྱིས་ཅི་མཐོང་བ་ཐམས་ཅད་ཤོག་དྲིལ་སྟེང་དུ་བྲིས་ཏེ། ཨེ་ཕེ་སི་དང་། སི་མིར་ནཱ། ཕེར་ག་མུ། ཐི་ཨ་ཏེ་རཱ། སཱར་དི། ཕི་ལཱ་དེལ་ཕི་ཨ། ལའོ་དི་ཀེ་ཡཱ་བཅས་ཆོས་ཚོགས་བདུན་ལ་སྐུར་ཅིག་ཅེས་གསུངས་སོ།། དེ་ནས་ངས་ཁ་ཕྱིར་འཁོར་ནས་བདག་ལ་སྐད་སྒྲ་སྒྲོག་པ་དང་གསུང་གནང་མཁན་སུ་ཡིན་པར་བལྟ་འདོད་དེ། ཁ་ཕྱིར་འཁོར་ནས་བལྟས་པ་ལ། གསེར་གྱི་སྒྲོན་སྟེགས་བདུན་མཐོང་ངོ་།། སྒྲོན་སྟེགས་དེ་དག་གི་དཀྱིལ་དུ་མིའི་བུ་དང་མཚུངས་པ་ཞིག་བཞུགས་ཡོད་པ་མཐོང་སྟེ། ན་བཟའ་རིང་པོ་ཞབས་ངོས་སུ་ཐུག་པ་ཞིག་མནབས་ཤིང་། བྲང་ཁ་རུ་གསེར་གྱི་སྐེད་ཆིངས་བཅིངས་ཡོད། ཁོང་གི་དབུ་དང་སྐྲ་ནི་ལུག་བལ་དཀར་པོ་དང་ཁ་བ་དཀར་པོ་དང་འདྲ། སྤྱན་ཟུང་ནི་མེ་ལྕེ་དང་མཚུངས། ཞབས་ནི་བཞུ་ཐབ་ནང་དུ་བཙོ་སྦྱང་བྱས་ཤིང་འོད་ཟེར་འཕྲོ་བའི་ལི་དང་འདྲ། གསུང་སྐད་ནི་ཆུ་མང་པོའི་སྒྲ་དང་མཚུངས། ཁོང་གི་ཕྱག་གཡས་པས་སྐར་མ་བདུན་བཟུང་ཡོད་ཅིང་། ཞལ་ནས་རལ་གྲི་རྣོན་པོ་ཁ་གཉིས་ཅན་ཞིག་ཐོན། ཞལ་རས་ནི་ཉི་ཟེར་དྲག་པོ་འཕྲོ་བ་དང་མཚུངས་སོ།། ངས་ཁོང་ཉིད་མཐོང་བ་དང་ཁོང་གི་ཞབས་དྲུང་དུ་སར་འགྱེལ་ཏེ་བེམ་པོ་བཞིན་དུ་གྱུར་ཏོ།། དེ་ནས་ཁོང་གིས་ཕྱག་གཡས་པ་བདག་གི་ལུས་སྟེང་དུ་བཞག་སྟེ་འདི་སྐད་དུ། འཇིགས་པར་མི་བྱའོ།། བདག་ནི་ཐོག་མ་ཡིན་ལ་མཐའ་མའང་ཡིན། གསོན་པོར་བཞུགས་པ་དེ་ཉིད་ཀྱང་ཡིན། བདག་ནི་དེ་སྔར་ཚེ་ལས་འདས་ནའང་། ལྟོས་དང་། ད་ལྟ་ང་རང་སླར་གསོན་ཏེ། ཇི་སྲིད་བར་དུ་གསོན་པོར་གནས་པར་མ་ཟད། འཆི་བ་དང་གཤིན་པོའི་གནས་ཀྱི་ལྡེ་མིག་རྣམས་བདག་གིས་བཟུང་ཡོད། དེའི་ཕྱིར། ཁྱོད་ཀྱིས་མཐོང་བྱུང་བ་རྣམས་དང་། ད་ལྟའི་དོན་རྣམས་དང་། དོན་དེ་དག་གི་རྗེས་སུ་འབྱུང་བར་འགྱུར་བའི་དོན་རྣམས་ཡིག་ཐོག་ཏུ་འགོད་པར་བྱའོ།། ཁྱོད་ཀྱི་མཐོང་ལམ་དུ་གྱུར་པའི་བདག་གི་ཕྱག་གཡས་ཀྱི་སྐར་མ་བདུན་དང་། གསེར་གྱི་སྒྲོན་སྟེགས་བདུན་གྱི་གསང་བ་བརྗོད་ན་འདི་ལྟ་སྟེ། སྐར་མ་བདུན་པོ་ནི་ཆོས་ཚོགས་བདུན་གྱི་ཕོ་ཉ་ཡིན་ལ། སྒྲོན་སྟེགས་བདུན་པོ་ནི་ཆོས་ཚོགས་བདུན་ཡིན་ཞེས་གསུངས་སོ།།