ལེའུ་བཞི༌པ།
སྐུ་ཚབ་པ་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ལ་འདྲི་དཔྱོད་བྱས༌པ།
1 དེ་ཡང་སྐུ་ཚབ་པ་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱིས་མི་རྣམས་ལ་དེ་ལྟར་བརྗོད་པའི་དུས༌སུ། མཆོད་དཔོན་རྣམས་དང་མཆོད་ཁང་གི་སྲུང་དམག་འགོ་དཔོན༌དང༌། སཱ་ཅུ་སེ་པ་དག་ཀྱང་ཁོང་གཉིས་ཀྱི་དྲུང་དུ་སླེབས༌པ་རེད། 2 ཁོང་གཉིས་ཀྱིས་མི་རྣམས་ལ་ཆོས་གསུངས༌ཤིང༌། སྐྱབས་མགོན་ཡེ་ཤུར་བརྟེན་ནས་གཤིན་པོ་རྣམས་སླར་གསོན་པར་འགྱུར་བའི་དོན་དེ་བསྒྲགས༌པས། དཔོན་རིགས་རྣམས་སུན་སྣང་ཆེན་པོ་སྐྱེས༌ཏེ། 3 ཁོང་གཉིས་བཟུང་ཞིང་མཚན་མོའི་དུས་ལ་སླེབས་པས་ཕྱི་ཉིན་བར་དུ་བཙོན་ལ་བཅུག་གོ། 4 འོན་ཀྱང་ཆོས་ལ་ཉན་མཁན་རྣམས་ལས་མི་མང་པོ་དད་པར་གྱུར༌ཏེ། དད་ལྡན་པ་སྐྱེས་པའི་གྲངས་ནི་ལྔ་སྟོང་ཙམ་ལ་སླེབས༌སོ།།
5 དེའི་ཕྱི༌ཉིན། འགོ་དཔོན་དང་རྒན༌པོ། མཁན་པོ་བཅས་རྣམས་ཡེ་རུ་སཱ་ལེམ་དུ་འདུས༌ཤིང༌། 6 མཆོད་དཔོན་ཆེན་པོ་ཨ་ནཱ་སི༌དང༌། ཀ་ཡ༌ཕཱ། ཡོ་ཧ༌ནན། ཨ་ལིག་སན་དིར་བཅས༌དང༌། མཆོད་དཔོན་ཆེན་པོའི་ཉེ་འབྲེལ་གཞན་རྣམས་ཀྱང་གནས་དེར་ཡོད༌པ་རེད། 7 དེ་དག་གིས་སྐུ་ཚབ་པ་ཁོང་གཉིས་དཀྱིལ་དབུས་སུ་བསླངས༌ཏེ། ཁྱོད་གཉིས་ཀྱིས་དབང་གང༌ངམ། ཡང་ན་སུའི་མིང་ལ་བརྟེན་ནས་དོན་འདི་བྱས་པ་ཡིན་ནམ་ཞེས་དྲིས་སོ།། 8 དེ་ནས་པེ་ཏྲོ་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར་ཏེ་འདི་སྐད་དུ། འབངས་མི་སེར་གྱི་འགོ་དཔོན་དང་རྒན་པོ༌རྣམས། 9 དེ་རིང་ངེད་གཉིས་ཀྱིས་དབང་བོ་སྐྱོན་ཅན་གྱི་ལུས་སྟེང་དུ་བསྒྲུབས་པའི་དོན་བཟང་གི་རྐྱེན་གྱིས། མི་འདི་ཅི་ལྟར་སོས་པར་རྩད་གཅོད་བྱེད་ན། 10 ཁྱོད་ཅག་གི་མིག་མདུན་དུ་ལངས་ནས་སྡོད་པའི་མི་འདི༌ནི། ཁྱོད་ཅག་གིས་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པ༌དང༌། དཀོན་མཆོག་གིས་གྲོངས་པ་ནས་སླར་གསོན་པར་མཛད་པའི་ནཱ་ཙ་རེལ་པ་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་ནས་ལུས་ཁམས་བདེ་བར་གྱུར་པ་ཁྱོད་ཅག་དང་བཅས་པའི་ཡེས་ར་ཨེལ་གྱི་མི་ཐམས་ཅད་ཀྱིས་ཤེས་དགོས་སོ།། 11 སྐྱབས་མགོན་ཡེ་ཤུ་ནི། ཁྱོད་ཅག་བཟོ་བ་རྣམས་ཀྱིས་སྤངས་པའི་རྡོ་ནི་ཁང་པའི་ཟུར་གྱི་རྨང་རྡོར་གྱུར་ཅེས་པ་དེ་ཡིན། 12 ཁོང་ཉིད་ལས་གཞན་ཐར་པ་མེད་དེ། རྒྱུ་མཚན་ནི་གནམ་འོག་ཀུན་ཏུ་ཁོང་ལས་གཞན་བདག་ཅག་ཐར་བར་མཛད་ནུས་པའི་མིང་ཞིག་མིའི་རིགས་ལ་གནང་མེད་པའི་ཕྱིར་ཡིན་ཞེས་གསུངས༌སོ།།
13 དེ་ནས་དཔོན་རིགས་རྣམས་ཀྱིས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱི་སྤོབས་པ་མཐོང་བ༌དང༌། ཡང་ཁོང་གཉིས་ནི་རིག་པ་མ་བསླབས་པ་དང་མི་སེར་ཡིན་པ་ཤེས་ནས་ངོ་མཚར་བར་གྱུར་ཅིང༌། དེ་གཉིས་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་འགྲོགས་མྱོང་བའང་གསལ་པོར་རྟོགས་སོ།། 14 ཡང་ནད་གསོས་པའི་མི་དེའང་ཁོང་གཉིས་ཀྱི་གམ་དུ་ལངས་སྡོད་པ་མཐོང༌སྟེ། དེ་དག་གིས་སྐྱོན་ཅི་ཡང་བརྗོད་མ་ནུས་སོ།། 15 དེ་ནས་ཁོང་གཉིས་དཔོན་རིགས་ཚོགས་པའི་ཚོགས་ར་ལས་ཕྱིར་ཕུད་ཅིང་ན༌རེ། 16 བདག་ཅག་གིས་མི་འདི་གཉིས་ལ་ཅི༌བྱའམ། ཁོ་གཉིས་ཀྱིས་དངོས་གནས་ངོ་མཚར་བའི་མཛད་པ་མངོན་གསལ་དུ་བསྟན༌ཅིང་། ཡེ་རུ་སཱ་ལེམ་དུ་གནས་པའི་མི་ཐམས་ཅད་ཀྱིས་ཀྱང་དོན་དེ་ཤེས་པས་བདག་ཅག་གིས་དེ་ལྟར་མ་བྱུང་ཟེར་མི་ནུས། 17 འོན་ཀྱང་དོན་འདི་དམངས་ཁྲོད་དུ་སྔར་ལས་ལྷག་པར་ཁྱབ་ཉེན་ཡོད་པས། ཁོ་གཉིས་ལ་ཕྱིན་ཆད་མི་དེའི་མིང་ལ་བརྟེན་ནས་མི་གཞན་ལ་གླེང་མོལ་མི་བྱེད་པའི་ཕྱིར་ནན་གྱིས་བསྐུལ་བར་བྱའོ་ཞེས་ཕན་ཚུན་གྲོས་བསྡུར་བྱས་སོ།། 18 དེ་ནས་ཁོང་གཉིས་བོས༌ཏེ། ཡེ་ཤུའི་མིང་ལ་བརྟེན་ནས་མི་གཞན་ལ་ནམ་ཡང་གླེང་མོལ་བྱེད་པའམ་ཆོས་གསུང་མི་ཆོག་པའི་བཀའ་བབས༌པ་རེད། 19 འོན༌ཀྱང༌། པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱིས་འདི་སྐད་དུ། དཀོན་མཆོག་གི་བཀའ་ལ་མི་ཉན་པར་ཁྱོད་ཅག་གི་གཏམ་ལ་ཉན་པ་ནི་དཀོན་མཆོག་གི་སྤྱན་སྔར་འོས་འཚམ་ཡིན་མིན་ཁྱོད་ཅག་གིས་སོམས༌ཤིག 20 ངེད་གཉིས་ཀྱིས་གང་ཞིག་མཐོང་ཞིང་ཐོས་པ་ཐམས་ཅད་མི་བཤད་ཐབས་མེད་ཡིན་ཞེས་གསུངས་སོ།། 21 དེ་ནས་དཔོན་རིགས་རྣམས་ཀྱིས་ཁོང་གཉིས་ལ་ཡང་བསྐྱར་འཇིགས་བསྐུལ་རྗེས་ཕྱིར་བཏང༌། རྒྱུ་མཚན་ནི་མི་རྣམས་ཀྱིས་དོན་ངོ་མཚར་ཅན་དེ་མཐོང་ནས་དཀོན་མཆོག་ལ་བསྟོད་བསྔགས་ཕུལ་བས་དཔོན་རིགས་རྣམས་ཀྱང་མི་རྣམས་ལ་འཇིགས་པ་དང་ཁོང་གཉིས་ལ་ཉེས་ཆད་གཅོད་པའི་རྒྱུ་ཡང་མ་རྙེད་པའི་ཕྱིར༌ཡིན། 22 ངོ་མཚར་བའི་ལས་ཀྱིས་གསོས་པའི་མི་དེ་ནི་ལོ་བཞི་བཅུ་ལྷག་ལ་སོན་པ་ཞིག་ཡིན༌ནོ།།
དད་ལྡན་རྣམས་ཀྱི་གསོལ༌འདེབས།
23 དེ་ནས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཕྱིར་བཏང་བ་དང་ཆོས་གྲོགས་རྣམས་ཀྱི་གམ་དུ་ཕྱིན༌ཏེ། མཆོད་དཔོན་ཆེན་པོ་དག་དང་རྒན་པོ་རྣམས་ཀྱིས་ཅི་སྨྲས་པ་ཐམས་ཅད་ཁོ་རྣམས་ལ་སྨྲས་སོ།། 24 ཁོ་རྣམས་ཀྱིས་ཀྱང་གཏམ་དེ་ཐོས་ནས་བློ་སེམས་གཅིག་མཐུན་སྒོས་སྐད་གསང་མཐོན་པོས་དཀོན་མཆོག་ལ་འདི་སྐད༌དུ། ཀྱེ། གཙོ་བོ༌ལགས། ཁྱེད་ནི་ནམ་མཁའ་དང་ས་གཞི་རྒྱ་མཚོ་བཅས་པ་དང་དེ་དག་ཏུ་ཡོད་པ་ཐམས་ཅད་འགོད་མཁན་ལགས། 25 ཁྱེད་ཀྱིས་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ཉིད་ཀྱི་ཞབས་ཕྱི་པ༌སྟེ། ངེད་ཅག་གི་མེས་པོ་དཱ་བིད་ཀྱི་ངག་བརྒྱུད་ནས་ཇི་སྐད༌དུ།
ཅིའི་ཕྱིར་ཕྱི་ཕྱོགས་པ་རྣམས་འཁོན་ཅིང༌འཛིང༌།།
ཅིའི་ཕྱིར་མི་རྣམས་དོན་མེད་ཐབས་ལ༌འཇུག །
26 དེ་ཡང་གཙོ་བོ་དཀོན་མཆོག་ཁོང་ཉིད༌དང༌།།
ཁོང་གིས་བསྐོས་པའི་སྐྱབས་མགོན་མཱ་ཤི༌ཀར།།
རྒོལ་ཕྱིར་འཇིག་རྟེན་སྐྱོང་བའི་རྒྱལ་པོ༌དང༌།།
མངའ་བདག་དཔོན་རིགས་རྣམས་ཀྱང་ལྷན་དུ༌འདུས།།
ཞེས་གསུངས་མྱོང༌ངོ༌།། 27 དེ་བཞིན་ཧེ་རོ་དཱ་དང་ཕོན་ཏིའུ་པི་ལ༌ཏུ། ཕྱི་ཕྱོགས་པ་དང་ཡེས་ར་ཨེལ་གྱི་མི་དང་བཅས་པ་དངོས་གནས་གྲོང་ཁྱེར་འདིར་འདུས་ཏེ་ཁྱེད་ཀྱིས་བྱུགས་པའི་ཞབས་ཕྱི་དམ་པ་ཡེ་ཤུ་ལ་རྒོལ༌བཞིན་ནོ།། 28 དེ་ནི་ཁྱེད་ཀྱི་དབང་དང་ཐུགས་དགོངས་ཀྱིས་དོན་ཆེན་གང་དེ་སྔར་ནས་འབྱུང་བར་ཐག་གིས་བཅད་པ་བཞིན་དེ་རྣམས་ཀྱིས་ཀྱང་འགྲུབ་པར་བྱས་པ་ཡིན། 29 ད་ལྟ་དེ་རྣམས་ཀྱིས་ངེད་ཅག་ལ་འཇིགས་བསྐུལ་བས་གཙོ་བོ་ཁྱེད་ཀྱིས་གཟིགས་པར༌ཞུ། ཁྱེད་ཀྱིས་རང་གི་ཞབས་ཕྱི་པ་ངེད་རྣམས་ལ་ཁྱེད་ཀྱི་བཀའ་སྒྲོག་པའི་སྤོབས་པ་གནང་བ༌དང༌། 30 ཕྱག་བརྐྱངས་ནས་ནད་རིགས་སྣ་ཚོགས་འཇོམས༌ཤིང༌། གྲུབ་རྟགས་དང་ངོ་མཚར་ཅན་གྱི་དོན་རྣམས་རང་གི་ཞབས་ཕྱི་དམ་པ་ཡེ་ཤུའི་མཚན་ལ་བརྟེན་ནས་འགྲུབ་པར་ཤོག་ཅེས་གསོལ་བ་བཏབ་བོ།། 31 ཁོ་རྣམས་ཀྱིས་དེ་ལྟར་གསོལ་བ་བཏབ་རྗེས་འཚོགས་སའི་གནས་དེ་གཡོ་བར་གྱུར་པ་དང༌། མི་དེ་ཐམས་ཅད་ལའང་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར་པས་སྤོབས་པ་བསྐྱེད་ནས་དཀོན་མཆོག་གི་བཀའ་བསྒྲགས༌སོ།།
དད་ལྡན་པ་སྤྱི་ལ་དབང་བའི་ནོར༌རྫས།
32 དེ་ཡང་དད་ལྡན་དེ་ཐམས་ཅད་བློ་སེམས་གཅིག་མཐུན་ཡིན་པ༌དང༌། སུས་ཀྱང་རང་གི་རྒྱུ་རྫས་རང་ཉིད་ཀྱི་ཡིན་མི་ཟེར་བར་དེ་ཐམས་ཅད་སྤྱི་གཞུང་གིས་སྤྱོད༌པ་རེད། 33 སྐུ་ཚབ་པ་རྣམས་ཀྱིས་ནུས་མཐུ་ཆེན་པོའི་ངང་ནས་གཙོ་བོ་ཡེ་ཤུ་སླར་གསོན་པའི་དོན་དེ་ལ་བདེན་དཔང་བྱས་པ༌དང༌། མི་ཐམས་ཅད་ལའང་ཐུགས་རྗེ་ཆེན་པོ་ཐོབ། 34 ཡང་ཁོ་རྣམས་ཀྱི་ཁྲོད་དུ་དབུལ་པོ་གཅིག་ཀྱང་མེད༌དེ། རྒྱུ་མཚན་ནི་རང་ལ་དབང་བའི་ས་ཞིང་དང་ཁང་པ་ཐམས་ཅད་བཙོངས༌ཏེ་རིན་དོད་ཚང་མ་ཁྱེར་ཡོང་ནས། 35 སྐུ་ཚབ་པ་རྣམས་ཀྱི་ཞབས་དྲུང་དུ་བཞག་པ༌དང༌། ཁོང་རྣམས་ཀྱིས་ཀྱང་སུ་ཞིག་ལ་དགོས་མཁོ་ཡོད་ན་དེ་བཞིན་སོ་སོར་བགོས་སོ།། 36 གནས་དེར་མིང་ལ་ཡོ་སེབ་བྱ་བ་ཀིབ་རིས་ནས་སྐྱེས་པའི་ལེ་ཝི་པ་ཞིག་ཡོད་པ་ལ་སྐུ་ཚབ་པ་རྣམས་ཀྱིས་པཱར་ན་པཱ་ཞེས་འབོད་ཅིང་། དོན་ནི་སེམས་གསོ་མཁན་ཞེས༌པ་ཡིན། 37 ཁོ་ལ་ས་ཞིང་ཡོད་པའང་བཙོངས་ཏེ་རིན་ཚང་མ་སྐུ་ཚབ་པ་རྣམས་ཀྱི་ཞབས་དྲུང་དུ་བཞག་གོ།