ལེའུ་ལྔ༌པ།
དད་ལྡན་པ་ཨ་ནན་ཡཱ་དང་ཁོའི་ཆུང་མ་སབ་ཕི་རཱའི༌སྐོར།
དེ་ཡང་ཨ་ནན་ཡཱ་ཟེར་བའི་མི་ཞིག་ཡོད་པ་དེས་རང་གི་ཆུང་མ་སབ་ཕི་རཱ་དང་མཉམ་དུ་ས་ཞིང་བཙོངས༌ཤིང༌། ས་རིན་ཁག་ཅིག་རང་ལ་བཞག་ཅིང་ཆུང་མས་ཀྱང་དོན་དེ་ཤེས༌ལ། ས་རིན་ཁག་གཞན་པ་ཁྱེར་ཡོང་ནས་སྐུ་ཚབ་པ་རྣམས་ཀྱི་ཞབས་དྲུང་དུ་བཞག་གོ། དེ་ནས་པེ་ཏྲོས་འདི་སྐད༌དུ། ཨ་ནན༌ཡཱ། ཁྱོད་ཀྱི་སེམས་ནི་བདུད་སཱ་ཏན་གྱིས་ཁྱབ༌སྟེ། དམ་པའི་ཐུགས་ཉིད་ལ་རྫུན་སྨྲས་ཤིང་ས་རིན་ཁ་ཤས་རང་ལ་བཞག་པ་དེ་ཅི༌ཡིན། ས་ཞིང་མ་བཙོངས་པའི་སྔོན་དུ་ཁྱོད་རང་གི་ཡིན༌ཞིང༌། བཙོངས་རྗེས་ས་རིན་ཡང་ཁྱོད་ལ་དབང་བ་མ་ཡིན༌ནམ། ཁྱོད་ཀྱིས་སེམས་ལ་འདི་ལྟར་དྲན་པ་ཅི་ཡིན༌ནམ། ཁྱོད་ཀྱིས་མི་ལ་རྫུན་སྨྲས་པ་མ་ཡིན་པར་དཀོན་མཆོག་ལ་རྫུན་སྨྲས་པ་ཡིན་ཞེས་གསུངས་པ༌དང༌། ཨ་ནན་ཡཱས་གསུང་དེ་ཐོས་མ་ཐག་སར་འགྱེལ་ཏེ་དབུགས་ཆད་ཅིང་གཏམ་འདི་ཐོས་པའི་མི་ཐམས་ཅད་ཤིན་ཏུ་འཇིགས་སོ།། དེ་ནས་ན་གཞོན་འགའ་ཞིག་ཡོང་ནས་ཁོའི་བེམ་པོ་རས་ཀྱིས་བཏུམས་ཏེ་ཕྱི་རོལ་ཏུ་ཁུར་ནས་དུར་ལ་བཅུག༌གོ།
དེ་ནས་ཆུ་ཚོད་གསུམ་ཙམ་འགོར་བ༌ན། ཨ་ནན་ཡཱའི་ཆུང་མ་སླེབས་ཤིང་ཁོ་མོས་དོན་དེ་མི་ཤེས༌པ་དང་། པེ་ཏྲོས་འདི་སྐད༌དུ། ཁྱོད་ཀྱིས་ཤོད༌དང༌། ས་ཞིང་བཙོངས་པའི་ས་རིན་འདི་ཙམ་ཡིན་ནམ་ཞེས་དྲིས་པ༌ལ། ཁོ་མོ་ན༌རེ། དེ་ཙམ་ཡིན་ཞེས་སྨྲས་སོ།། ཡང་པེ་ཏྲོས་འདི་སྐད༌དུ། ཁྱོད་གཉིས་ཀྱིས་ཅིའི་ཕྱིར་བློ་གཅིག་སེམས་གཅིག་གིས་གཙོ་བོའི་ཐུགས་ཉིད་ལ་ཚོད་བགམས་པ་ཡིན༌ནམ། ཁྱོད་ཀྱི་སྐྱེས་པ་དུར་དུ་འཇུག་མཁན་རྣམས་ཕྱིར་སྒོ་ཁར་སླེབས་ཟིན༌ལ། དེ་དག་གིས་ཁྱོད་རང་ཡང་ཕྱི་རུ་འཁྱེར་ངེས་ཡིན་ཞེས་གསུངས་མ༌ཐག 10 བུད་མེད་དེའང་པེ་ཏྲོའི་ཞབས་དྲུང་དུ་སར་འགྱེལ་ཏེ་དབུགས་ཆད་ཅིང༌། ན་གཞོན་དེ་རྣམས་ནང་དུ་སླེབས་ཏེ་ཁོ་མོ་ཤི་ཟིན་པ་མཐོང༌ནས། ཕྱི་རོལ་ཏུ་ཁུར་ཞིང་སྐྱེས་པའི་དུར་སའི་ཉེ་འགྲམ་དུ་དུར་ལ་བཅུག་གོ། 11 དེ་ནས་ཆོས་ཚོགས་ཀྱི་མི་རྣམས་དང་དོན་དེ་ཐོས་པའི་མི་ཐམས་ཅད་ཤིན་ཏུ་འཇིགས༌སོ།།
སྐུ་ཚབ་པ་རྣམས་ཀྱིས་ནད་གསོས་པ།
12 དེ་ཡང་སྐུ་ཚབ་པ་རྣམས་ཀྱི་ལག་པ་བརྒྱུད་ནས་མི་རྣམས་ཀྱི་ཁྲོད་དུ་གྲུབ་རྟགས་དང་དོན་ངོ་མཚར་ཅན་མང་པོ་བསྟན༌ཅིང་། དད་ལྡན་ཐམས་ཅད་བློ་སེམས་གཅིག་མཐུན་སྒོས་སོ་ལོ་མོན་གྱི་ཁྱམས་ར་ནས་བསྡད་དོ།། 13 མི་གཞན་རྣམས་ལས་སུ་ཞིག་ཀྱང་དད་ལྡན་རྣམས་དང་འགྲོགས་མ་ཕོད༌ནའང༌། མི་རྣམས་ཀྱིས་དེ་རྣམས་ལ་བརྩི་བཀུར་བྱས་པ་རེད། 14 ཡང་གཙོ་བོ་ལ་དད་པའི་མི་གྲངས་དེ་བས་འཕེལ་ཞིང་སྐྱེས་པ་དང་བུད་མེད་ཤིན་ཏུ་མང་པོ་ཡོད་པ༌དང༌། 15 ཐ་ན་མི་རྣམས་ཀྱིས་ནད་པ་རྣམས་ཁྲོམ་སྲང་དུ་ཁུར་ཡོང་ནས་ཉལ་ཁྲི་དང་ཉལ་སྟན་གྱི་སྟེང་དུ་བཞག༌སྟེ། པེ་ཏྲོ་ཕེབས་སྐབས་ཁོང་གི་གྲིབ་མ་ཙམ་ཡང་དེ་རྣམས་ལས་ནད་པ་ཁ་ཤས་ལ་ཕོག་པར་རེ་ལྟོས་བྱས། 16 ཡང་མི་མང་པོས་ནད་པ་དང་གདོན་འདྲེས་བཟུང་བའི་མི་རྣམས་ཡེ་རུ་སཱ་ལེམ་མཐའ་འཁོར་གྱི་གྲོང་རྡལ་དག་ནས་ཁྲིད་ཡོང༌ཞིང༌། དེ་ཐམས་ཅད་སོས་པར་གྱུར༌ཏོ།།
སྐུ་ཚབ་པ་རྣམས་བཙོན་དུ་སྦྱར༌བ།
17 དེ་ནས་མཆོད་དཔོན་ཆེན་པོ་ཡར་ལངས་ཤིང་། ཁོ་དང་མཉམ་དུ་ཡོད་པའི་མི་ནི་སཱ་ཅུ་སེ་པའི་གྲུབ་མཐའ་ལ་གཏོགས་པ་རྣམས་ཡིན༌ཞིང༌། དེ་རྣམས་དོན་དེར་མ་དགའ་བར་ཕྲག་དོག་གིས་ཁེངས༌ཏེ། 18 སྐུ་ཚབ་པ་རྣམས་བཟུང་ནས་སྤྱི་བའི་བཙོན་ཁང་དུ་བཅུག་གོ། 19 འོན༌ཀྱང༌། མཚན༌མོར་གཙོ་བོའི་ཕོ་ཉ་ཞིག་ཡོང་ནས་བཙོན་ཁང་གི་སྒོ་ཕྱེས་ཤིང་ཁོང་རྣམས་ཕྱི་རོལ་ཏུ་ཁྲིད་དེ་འདི་སྐད༌དུ། 20 ཁྱོད་རྣམས་མཆོད་ཁང་དུ་སོང་ནས་ཚེ་སྲོག་གི་བཀའ་འདི་མི་རྣམས་ལ་ཤོད་ཅིག་ཅེས་གསུངས་སོ།། 21 སྐུ་ཚབ་པ་རྣམས་ཀྱིས་ཀྱང་གསུང་དེ་ཐོས་ནས་སྐྱ་རེངས་ཤར་བའི་དུས་སུ་མཆོད་ཁང་དུ་སོང་སྟེ་མི་རྣམས་ལ་ཆོས་གསུངས་སོ།། དེ་ནས་མཆོད་དཔོན་ཆེན་པོ་དང་མཉམ་དུ་འགྲོགས་པའི་མི་རྣམས་ཡོང༌སྟེ། དཔོན་རིགས་ཚོགས་པའི་ཚོགས་མི་དང་ཡེས་ར་ཨེལ་མི་རིགས་ཀྱི་རྒན་པོ་ཐམས་ཅད་བསྡུས་ནས་མི་ཁ་ཤས་བཙོན་ཁང་ལ་སྐུ་ཚབ་པ་རྣམས་ཕྱིར་འཁྲིད་དུ་མངགས། 22 འོན༌ཀྱང༌། དམག་མི་རྣམས་བཙོན་ཁང་དུ་སླེབས་ཀྱང་སྐུ་ཚབ་པ་རྣམས་མ་མཐོང་བས་ཕྱིར་ལོག་སྟེ་ན༌རེ། 23 ངེད་ཅག་གིས་བཙོན་ཁང་གི་སྒོ་དམ་པོར་བརྒྱབ༌ཅིང༌། སྒོ་སྲུང་མཁན་ཡང་སྒོ་འགྲམ་དུ་ལངས་ནས་བསྡད་པ་མཐོང༌ནའང༌། སྒོ་ཕྱེས་དུས་བཙོན་ཁང་ནང་དུ་མི་གཅིག་ཀྱང་མཐོང་མ་བྱུང་ཞེས་ཞུས་སོ།། 24 དེ་ནས་མཆོད་ཁང་གི་སྲུང་དམག་དཔོན་པོ་དང་མཆོད་དཔོན་ཆེན་པོ་རྣམས་ཀྱིས་གཏམ་དེ་ཐོས་ནས་དོན་འདི་མ་འོངས་པར་ཅི་ལྟ་བུ་ཞིག་ཏུ་འགྱུར་རམ་སྙམ་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་པ༌ན། 25 ཡང་མི་ཞིག་ཡོང་སྟེ་ན༌རེ། ཁྱོད་ཅག་གིས་བཙོན་དུ་བཅུག་པའི་མི་དེ་དག་གིས་ད་ལྟ་མཆོད་ཁང་དུ་མི་རྣམས་ལ་ཆོས་གསུང་བཞིན་འདུག་ཅེས་ཞུས་སོ།། 26 དེ་ནས་མཆོད་ཁང་གི་སྲུང་དམག་དཔོན་པོ་དང་དམག་མི་རྣམས་ཕྱིར་སོང་བ༌དང༌། མི་རྣམས་ཀྱིས་ཁོ་རྣམས་ལ་རྡོས་རྒྱག་པར་འཇིགས་ནས་བཙན་ཤེད་མ་བཀོལ་བར་སྐུ་ཚབ་པ་རྣམས་ཁྲིད་ཡོང༌སྟེ། 27 དཔོན་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱི་མདུན་དུ་ཡར་བསླངས་པ་དང་མཆོད་དཔོན་ཆེན་པོ་ན༌རེ། 28 ངེད་ཅག་གིས་ཁྱོད་རྣམས་ལ་མི་དེའི་མིང་ལ་བརྟེན་ནས་མི་གཞན་དག་ལ་ཆོས་མ་བརྗོད་ཅེས་ནན་བཤད་བྱས་ནས་བཀའ་བསྒོས་པ་མ་ཡིན༌ནམ། འོན་ཀྱང་ཁྱོད་རྣམས་ཀྱིས་ཡེ་རུ་སཱ་ལེམ་ཡོངས་ལ་ཁྱོད་ཅག་རང་གི་ཆོས་ཁྱབ་ཏུ་བཅུག༌སྟེ། མི་དེའི་ཁྲག་ལན་ངེད་ཅག་ལ་དགལ་བར་འདོད་ཅེས་སྨྲས་པ༌ལ། 29 པེ་ཏྲོ་དང་སྐུ་ཚབ་པ་གཞན་རྣམས་ཀྱིས། ངེད་རྣམས་ཀྱིས་དཀོན་མཆོག་གི་བཀའ་ལ་མཉན་པ་ལས་མིའི་ངག་ལ་མཉན་མི་འོས་སོ།། 30 ཁྱོད་ཅག་གིས་སྡོང་པོའི་སྟེང་དུ་བརྐྱངས་ཏེ་བཀྲོངས་པའི་ཡེ་ཤུ་ཁོང་ཉིད་ནི་བདག་ཅག་གི་མེས་པོའི་དཀོན་མཆོག་གིས་སླར་གསོན་པར་མཛད། 31 དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུ་རང་གི་གཡས་ཕྱོགས་སུ་འཕགས་པར་མཛད་ནས་དབུ་ཁྲིད་དང་སྐྱབས་མགོན་དུ་བསྐོས༌ཏེ། ཡེས་ར་ཨེལ་གྱི་མི་རྣམས་ལ་འགྱོད་བཤགས་བྱེད་པ་དང་སྡིག་པ་བསལ་བའི་ཐུགས་རྗེ་གནང་བའི་ཕྱིར༌རོ།། 32 ངེད་རྣམས་ཀྱིས་ཀྱང་དོན་འདི་དག་ལ་བདེན་དཔང་བྱེད༌ཅིང༌། དཀོན་མཆོག་གིས་རང་ཉིད་ཀྱི་བཀའ་ལ་ཉན་པ་ཐམས་ཅད་ལ་གནང་བའི་དམ་པའི་ཐུགས་ཉིད་ཀྱིས་ཀྱང་བདེན་དཔང་མཛད་ཅེས་གསུངས༌སོ།།
33 དེ་ནས་དཔོན་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱིས་གཏམ་དེ་ཐོས་ནས་ཤིན་ཏུ་ཁྲོས་ཏེ་སྐུ་ཚབ་པ་རྣམས་གསོད་པར་སྙམ༌མོད། 34 འོན་ཀྱང་གནས་དེར་མི་ཐམས་ཅད་ཀྱིས་གུས་བཀུར་བྱེད་པའི་བཀའ་ཁྲིམས་ཀྱི་དགེ་རྒན་ཏེ། མིང་ལ་གཱ་མ་ཨེལ་ཟེར་བའི་ཕ་རུ་ཤི་པ་ཞིག་ཡོད་པ་དེ་ཚོགས་མིའི་ཁྲོད་དུ་ཡར་ལངས༌ནས། སྐུ་ཚབ་པ་རྣམས་རེ་ཞིག་ཕྱི་རོལ་ཏུ་འཁྲིད་དགོས་པའི་བཀའ་གནང་བ༌དང༌། 35 དཔོན་རིགས་དེ་རྣམས་ལ་འདི་སྐད༌དུ། ཀྱེ། ཡེས་ར་ཨེལ་པ༌རྣམས། ཁྱོད་ཅག་གིས་མི་འདི་དག་ལ་ཅི་ལྟར་ཐག་གཅོད་བྱེད་པར་གཟབ་གཟབ་བྱོས༌ཤིག 36 རྒྱུ་མཚན་ནི་སྔོན་ཆད་ཐེའུ་དཱ་བྱ་བ་ཞིག་ཡོད་པ་དེས་ངོ་རྒོལ་བྱས་ཤིང་རང་རློམ་ཆེ་བས་མི་བཞི་བརྒྱ་ཙམ་འཁོར་དུ་བསྡུས༌མྱོང༌། མཇུག་མཐར་གཞན་གྱིས་ཁོ་རང་བསད་པ་དང་ཁོའི་ཕྱོགས་ཀྱི་མི་ཐམས་ཅད་ཀྱང་ཁ་ཐོར་དུ་སོང་ནས་དོན་དེ་མེད་པར་གྱུར་ཏོ།། 37 དེའི་རྗེས༌སུ། མི་གྲངས་ལེན་པའི་སྐབས༌སུ། ག་ལིལ་ཡུལ་གྱི་ཡུ་དཱས་ངོ་རྒོལ་བྱས༌ཏེ། མི་མང་ཙམ་སླུ་བྲིད་བྱས་ནས་ཁོའི་ཕྱོགས་སུ་བསྐོར༌ཀྱང་། མཇུག་མཐར་ཁོ་རང་ཡང་མེད་པར་བྱས་པ་དང་ཁོའི་ཕྱོགས་ཀྱི་མི་ཐམས་ཅད་ཀྱང་ཁ་ཐོར་དུ་སོང༌། 38 དེའི༌ཕྱིར། ངས་ཁྱོད་རྣམས་ལ་སྨྲ་བར༌བྱ་སྟེ། མི་འདི་དག་ལ་ཅི་ཡང་མི་བྱེད་པར་སྐྱུར༌ཅིག གལ༌ཏེ། ཁོ་རྣམས་ཀྱིས་ཅི་བསམས་པ་དང་ཅི་བྱེད་པ་འདི་ནི་མི་ནས་བྱུང་བ་ཡིན་ན་ཉམས་པར་འགྱུར་ངེས། 39 གལ༌ཏེ། དཀོན་མཆོག་ནས་བྱུང་བ་ཡིན༌ན། ཁྱོད་ཅག་གིས་དེ་རྣམས་མེད་པར་བྱེད་མི་ནུས༌ཤིང༌། ཐ་ན་ཁྱོད་ཅག་དཀོན་མཆོག་ལ་ངོ་རྒོལ་བྱེད་མཁན་དུ་འགྱུར་ཉེན་ཡོད་ཅེས་སྨྲས་སོ།། 40 དེ་ནས་ཚོགས་མི་རྣམས་ཀྱིས་གཱ་མ་ཨེལ་གྱི་ཁ་ལ་མཉན་ནས་སྐུ་ཚབ་པ་རྣམས་བོས་ཏེ། གཅར་རྡུང་བྱས་རྗེས་ཡེ་ཤུའི་མིང་ལ་བརྟེན་ནས་གཏམ་སྨྲ་མི་ཆོག་པའི་བཀའ་བསྒོས་ཏེ་ཕྱིར་བཏང༌ངོ་༎ 41 དེ་ནས་སྐུ་ཚབ་པ་རྣམས་ཚོགས་མི་དང་ཁ་བྲལ་ཞིང་རང་ཉིད་ནི་སྐྱབས་མགོན་ཡེ་ཤུའི་མཚན་གྱི་ཕྱིར་སྡུག་བསྔལ་མྱོང་འོས་པར་བརྩིས་པས་སེམས་ཤིན་ཏུ༌དགའ་བ་རེད། 42 སྐུ་ཚབ་པ་རྣམས་ཀྱིས་ཉིན་རེ་བཞིན་མཆོད་ཁང་དང་ཁྱིམ་ཚང་གང་དུའང་མི་རྣམས་ལ་རྒྱུན་ཆད་མེད་པར་ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་པའི་ཆོས་གསུངས་ཤིང་དོན་དེ་བསྒྲགས༌སོ།།