ལེའུ་ཉེར་གསུམ་པ།
བདེན་ལུགས་བརྩི་བ་དང་སྙིང་རྗེ་བསྐྱེད་དགོས་པའི་ཁྲིམས་སྲོལ།
1 ཡང་འདི་སྐད་དུ། ཁྱོད་རྣམས་ཀྱིས་རྫུན་གཏམ་བསྒྲག་པར་མི་བྱའོ། །མི་ངན་དང་ཁ་མཐུན་ཏེ་རྫུན་གྱི་བདེན་དཔང་མ་བྱེད་ཅིག 2 ཁྱོད་ཅག་གིས་མི་ཚོགས་ལ་བསྟུན་ནས་ལས་ངན་པ་བྱེད་མི་རུང་། རྩོད་གཞིའི་ཐད་ནས་མང་ཕྱོགས་སུ་འཐེན་ཞིང་ཁྲིམས་ལོག་པར་བྱ་བའི་ཕྱིར་རྫུན་དཔང་མ་བྱེད། 3 དབུལ་པོ་ཞིག་ལ་ཁྲིམས་གཅོད་སྐབས་སུ་དེ་ལ་ཕྱོགས་རིས་བྱེད་མི་རུང་། 4 ཁྱོད་རྣམས་ནི་དགྲ་ཟླའི་བ་གླང་ངམ་བོང་བུ་འཁྱར་བོ་དག་དང་ཕྲད་ན། དེ་ཅིས་ཀྱང་ཁྲིད་ཡོང་སྟེ་བདག་པོ་ལ་སྤྲོད་དགོས། 5 ཁྱོད་ཅག་ལ་སྡང་བའི་མི་ཞིག་གི་བོང་བུ་དོས་ཀྱིས་མནན་པ་མཐོང་ན། ཁྱོད་རྣམས་ཀྱིས་དེ་མི་བསྐྱུར་བར་ཅིས་ཀྱང་དེའི་བདག་པོ་དང་མཉམ་དུ་དོས་འབོགས་དགོས། 6 ཁྱོད་ཅག་གིས་དབུལ་པོའི་གཏུག་བཤེར་གྱི་ཐད་ནས་དྲང་གཞག་འདོར་མི་རུང་། 7 རྫུན་གྱི་དོན་དང་རིང་དུ་གྱེས་ཤིག ཉེས་མེད་གཞུང་དྲང་ཡིན་པའི་མི་ནི་གསོད་མི་རུང་། ཅིའི་ཕྱིར་ཞེ་ན། ངས་མི་ཉེས་ཅན་ཞིག་གཞུང་དྲང་དུ་རྩི་བར་མི་འགྱུར་བའི་ཕྱིར་རོ། ། 8 གསུག་ནོར་གྱིས་མི་བློ་གྲོས་ཅན་གྱི་མིག་ལོང་བར་བྱེད་ཅིང་། མི་དྲང་པོ་རྣམས་ཀྱི་གཏམ་ཡང་གོ་ལྡོག་པར་བྱེད་པས། ཁྱོད་རྣམས་ཀྱིས་གསུག་ནོར་གང་ཡང་མ་ལེན་ཞིག 9 བྱེས་པ་ལ་གཉའ་གནོན་མ་བྱེད་ཅིག ཁྱོད་ཅག་ཀྱང་ཨེ་ཅིབ་ཡུལ་ནས་བྱེས་པ་བྱས་མྱོང་བས། བྱེས་པའི་སྐྱིད་སྡུག་ཁྱོད་ཅག་གིས་ཤེས་པ་ཡིན་ཞེས་གསུངས་སོ། །
ངལ་གསོ་བའི་དུས་ཀྱི་བཀའ་ཁྲིམས།
10 ཡང་འདི་སྐད་དུ། ལོ་དྲུག་གི་རིང་ལ་ཁྱོད་རྣམས་ཀྱིས་ཞིང་འདེབས་པ་དང་དེའི་ལོ་ཏོག་བསྡུས་ཆོག 11 འོན་ཀྱང་ལོ་བདུན་པ་ལ་ཁྱོད་ཅག་གིས་ཞིང་མི་རྨོ་ལ་བསློག་པར་ཡང་མི་བྱའོ། །དེ་ནས་ཁྱོད་ཅག་གི་མི་རྣམས་ལས་དབུལ་པོ་དག་གིས་དེ་ལས་བཟའ་བ་དང་། ལྷག་མ་རྣམས་ས་སྟེང་གི་དུད་འགྲོ་རྣམས་ཀྱིས་ཟོས་ཆོག་པ་ཡིན། ཁྱོད་ཅག་གི་རྒུན་ཚལ་དང་སྐྱུ་རུ་རའི་སྐྱེད་ཚལ་རྣམས་ཀྱང་ལུགས་དེ་བཞིན་དུ་བྱེད་དགོས། 12 ཉིན་དྲུག་གི་རིང་ལ་ཁྱོད་ཀྱིས་ལས་ཀ་བྱས་ཏེ། ཉིན་བདུན་པར་ངལ་གསོ་དགོས། གང་ལ་ཟེར་ན། ཁྱོད་རྣམས་ཀྱི་བ་གླང་དང་བོང་བུས་ཀྱང་ངལ་གསོ་དགོས་པ་དང་། ཁྱོད་ཅག་གི་གཡོག་མོའི་བུ་དང་བྱེས་པ་ལ་སྟོབས་ཤུགས་གསར་པ་འཐོབ་པའི་ཕྱིར་རོ། ། 13 ངས་ཁྱོད་རྣམས་ལ་ཅི་དང་ཅི་སྨྲས་པ་ཐམས་ཅད་གཟབ་གཟབ་ངང་སྲུངས་ཤིག གཞན་པའི་ལྷ་རྣམས་ཀྱི་མིང་མ་ཟློ་ཞིག སོ་སོའི་ཁ་ནས་ཐོས་ཀྱང་མི་རུང་ཞེས་གསུངས་སོ། །
ལོ་རེའི་དུས་ཆེན་གསུམ་གྱི་སྐོར།
14 ཡང་འདི་སྐད་དུ། ལོ་རེར་ཁྱོད་ཅག་གིས་ལན་གསུམ་དུ་བདག་ལ་དུས་ཆེན་བསྲུང་དགོས་ཏེ། 15 སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་འདི་བསྲུང་དགོས། ངས་ཁྱོད་ཅག་ལ་བསྒོས་པ་བཞིན་དུ་ཨ་རྦིབ་ཟླ་བའི་ནང་དུས་བཅད་ལྟར་ཉིན་བདུན་གྱི་རིང་ལ་སྐྱུར་མེད་བག་ལེབ་བཟའ་དགོས་ཏེ། རྒྱུ་མཚན་ནི། ཁྱོད་ཅག་སྐབས་དེར་ཨེ་ཅིབ་ཡུལ་ནས་ཐོན་པས་སོ། །སུ་ཡིན་ཡང་ལག་སྟོང་ལ་ངའི་མདུན་དུ་ཡོང་མི་རུང་། 16 དེ་ནས་ཁྱོད་ཅག་གིས་ཞིང་ལ་བཏབ་པའི་ས་བོན་ལས་འབྲས་བུ་ཐོག་མ་བསྡུ་བའི་ཕྱིར་སྟོན་བསྡུ་དུས་ཆེན་གཏོང་དགོས་པ་དང་། ལོ་མཇུག་ལ་ཁྱོད་ཅག་གིས་འབྲུ་རིགས་བསྡུ་ཉར་བྱས་ནས་བསྡུ་ཉར་དུས་ཆེན་གཏོང་དགོས་ཤིང་། 17 ལོ་རེར་ལན་གསུམ་ལ་ཁྱོད་ཅག་གི་སྐྱེས་པ་ཐམས་ཅད་གཙོ་བོ་ཡ་ཝཱེའི་མདུན་དུ་བསླེབ་དགོས། 18 ཁྱོད་ཅག་གིས་བདག་ལ་ཕུལ་བའི་དམར་མཆོད་ཀྱི་ཁྲག་དེ་སྐྱུར་རྩི་ལྡན་པའི་བག་ལེབ་དང་མཉམ་དུ་འབུལ་མི་རུང་ལ། ངའི་དུས་ཆེན་ལ་ཕུལ་བའི་ཚིལ་ནི་ཕྱི་ཉིན་ཞོགས་པའི་བར་དུ་བསྐྱུར་མི་རུང་། 19 ཁྱོད་ཅག་གི་ས་ཞིང་ལས་སྨིན་པའི་འབྲས་བུ་ཐོག་མ་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་སུ་འབུལ་དགོས། ཁྱོད་ཅག་གིས་རེའུ་ཞིག་དེའི་ཨ་མའི་འོ་མ་ནང་དུ་བཙོ་མི་རུང་ཞེས་གསུངས་སོ། །
དཀོན་མཆོག་གི་ཕོ་ཉས་ཕེབས་ལམ་སྟ་གོན་བྱེད་པ།
20 ཡང་འདི་སྐད་དུ། ལྟོས་དང་། ངས་ཁྱོད་ཅག་གི་སྔོན་དུ་ཕོ་ཉ་ཞིག་གཏོང་བར་བྱ་སྟེ། དེས་ལམ་བར་ནས་ཁྱོད་ཅག་བསྲུང་ཞིང་། ངས་སྟ་གོན་བྱས་པའི་གནས་སུ་འཁྲིད་པར་འགྱུར། 21 ཁྱོད་ཅག་གིས་དེའི་དྲུང་དུ་གཟབ་གཟབ་གྱིས་ཤིག ཁོའི་བཀའ་ལ་ཉོན་ཅིག ཁོ་ལ་རྒྱབ་འགལ་མ་བྱེད་ཅིག ཅི་ཡིན་ཞེ་ན། བདག་གི་མིང་ཁོའི་ནང་དུ་ཡོད་པས། ཁོས་ཁྱོད་རྣམས་ཀྱི་ཉེས་པ་ལ་གུ་ཡངས་གཏོང་བར་མི་འགྱུར་བའི་ཕྱིར་རོ། ། 22 ཁྱོད་ཅག་གིས་དངོས་གནས་དེའི་བཀའ་ལ་མཉན་པ་དང་། བདག་གིས་ཇི་སྨྲས་པ་བཞིན་དུ་བྱེད་ན། བདག་གིས་ཁྱོད་ཅག་གི་དགྲ་རྣམས་དགྲ་རུ་འཛིན་ཞིང་། ཁྱོད་ཅག་ལ་རྒོལ་མཁན་རྣམས་ལ་རྒོལ་བར་བྱ། 23 བདག་གི་ཕོ་ཉ་དེ་ཁྱོད་ཅག་གི་མདུན་དུ་བྱོན་ཏེ། ཁྱོད་ཅག་ཨེ་མོར་པ་དང་། ཧེད་པ་དང་། ཕེ་རེ་ཟི་པ་དང་། ཀ་ན་ཨན་པ་དང་། ཧེ་བི་པ་དང་། ཡེ་བུ་སི་པ་རྣམས་ཀྱི་ཡུལ་དུ་འཁྲིད་པ་དང་། བདག་གིས་མི་རིགས་དེ་རྣམས་རྩ་མེད་གཏོང་བར་འགྱུར། 24 ཁྱོད་ཅག་གིས་དེ་དག་གི་སྐུ་བརྙན་རྣམས་ལ་ཕྱག་མ་འཚལ་ཞིག དེ་རྣམས་ལ་བསྙེན་བཀུར་ཡང་མ་བྱེད་ཅིག དེ་དག་གི་བྱེད་ལུགས་བཞིན་དུ་ཡང་མ་སྤྱོད་ཅིག ཁྱོད་ཅག་གིས་དེ་དག་རྡུལ་དུ་བརླག་པ་དང་། དེ་དག་གི་རྡོ་སྐུ་རྣམས་ཀྱང་རྩ་མེད་དུ་གཏོང་བར་གྱིས། 25 ཡང་ཁྱོད་ཅག་གིས་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་བྱེད་དགོས་ཤིང་། ཁོང་གིས་ཁྱོད་ཅག་གི་ཁ་ཟས་དང་ཆུ་ལ་བྱིན་རླབས་མཛད་པར་འགྱུར་ཞིང་། ཁྱོད་ཅག་གི་ཁྲོད་ནས་ནད་རིགས་ཀྱང་མེད་པར་བྱེད་ངེས་ཡིན། 26 མངལ་ནས་བྱིས་པ་ཤོར་བའམ་མོ་གཤམ་ནི་ཁྱོད་ཅག་གི་ཡུལ་དུ་ཡོད་མི་སྲིད། བདག་གིས་ཁྱོད་ཅག་གི་ཚེ་ཚད་ལོང་བར་བྱའོ། ། 27 ཁྱོད་རང་ཡུལ་གང་དུ་སླེབས་ནའང་། བདག་གིས་ཁྱོད་ཅག་གི་མདུན་ནས་ང་ཡི་རྔམ་བརྗིད་སྟོན་ཞིང་ཡུལ་དེའི་མི་ཐམས་ཅད་འཁྲུག་ཏུ་འཇུག་པ་དང་། ཡང་ཁྱོད་ཅག་གི་དགྲ་བོ་ཐམས་ཅད་ཀྱིས་ཁྱོད་ཅག་ལ་རང་རང་གི་རྒྱབ་སྟོན་པར་འགྱུར། 28 ཡང་ངས་ཁྱོད་ཅག་གི་སྔུན་ལ་དུག་སྦྲང་མང་པོ་བཏང་ནས། དེ་དག་གིས་ཧེ་བི་པ་དང་ཀ་ན་ཨན་པ་དང་ཧེད་པ་རྣམས་སྐྲོད་པར་བྱའོ། ། 29 ཡུལ་ནི་ས་སྟོང་དུ་ལུས་ཤིང་། ཁྱོད་ཅག་ལ་གནོད་པའི་ས་སྟེང་གི་གཅན་གཟན་རྣམས་འཕེལ་ཉེན་ཡོད་པས། ངས་མི་དེ་དག་ལོ་གཅིག་གི་རིང་ལ་སྐྲོད་པར་མི་བྱ། 30 བདག་གིས་ཁྱོད་ཅག་གི་མི་གྲངས་འཕེལ་ནས་ཡུལ་དེ་བདག་གིར་བཟུང་བའི་བར་དུ་ཁོ་རྣམས་རིམ་བཞིན་སྐྲོད་པར་བྱའོ། ། 31 ངས་ཁྱོད་ཅག་གི་མཐའ་རྣམས་སུ་རྒྱ་མཚོ་དམར་པོ་ནས་ཕེ་ལེ་ཤེད་པའི་རྒྱ་མཚོའི་བར་དང་། དབེན་སྟོང་ནས་ཕི་རཱད་ཆུ་བོའི་བར་དུ་མཚམས་ཤིག་ཕྱེ་བར་བྱ། བདག་གིས་ཡུལ་དེའི་མི་རྣམས་ཁྱོད་ཅག་གི་ལག་ཏུ་སྤྲོད་ཅིང་། ཁྱོད་ཅག་གིས་དེ་དག་རང་གི་མདུན་ནས་སྐྲོད་པར་འགྱུར། 32 ཁྱོད་ཅག་གིས་དེ་དག་དང་དེ་དག་གི་ལྷ་རྣམས་ཀྱི་བར་ཁ་ཆད་མ་འཇོག་ཅིག 33 དེ་དག་གིས་ཁྱོད་རྣམས་ལ་ང་དང་འགལ་བའི་སྡིག་པ་བྱེད་དུ་འཇུག་ཉེན་ཡོད་པས། དེ་དག་ཁྱོད་ཅག་གི་ཡུལ་དུ་གནས་པར་མི་འོས་སོ། །གལ་ཏེ་ཁྱོད་ཅག་གིས་དེ་དག་གི་ལྷ་རྣམས་ལ་བསྙེན་བཀུར་བྱེད་ན། དེ་ནི་ཅིས་ཀྱང་ཁྱོད་ཅག་གཟུང་བའི་རྙི་ཞིག་ཏུ་འགྱུར་ངེས་ཡིན་ཞེས་གསུངས་སོ། །