ལེའུ་ཞེ་གཅིག༌པ།
རྒྱལ་པོ་ཕཱར་ཨོལ་གྱིས་རྨི་ལམ་ཐེངས་གཉིས་རྨིས་པའི༌སྐོར།
དེ་ཡང་ལོ་གཉིས་འགོར་བའི་རྗེས་སུ་ཕཱར་ཨོལ་གྱིས་རྨི་ལམ་ཞིག་རྨིས༌ཤིང༌། རྨི་ལམ་ནང་དུ་ཁོ་རང་ནཱ་ཡོལ་གཙང་པོའི་འགྲམ་དུ་བསྡད་ཡོད་པ༌ལ། བ་མོ་བདུན་གཙང་པོ་ལས་ཚུར་ཡོང་བ༌དང༌། བ་མོ་དེ་དག་ལྟ་ན་སྡུག་ཅིང་ཤ་ཤེད་རྒྱས་པ་ཞིག་ཡིན་ལ་ཆུ་ནང་གི་རྩྭ་སྔོན་ཟོས་ནས༌བསྡད། དེ་ནས་ཡང་བ་མོ་བདུན་གཙང་པོ་ལས་ཚུར་ཡོང་བ༌དང༌། བ་མོ་དེ་དག་ཤིན་ཏུ་བཙོག་ཅིང་ལུས་ཟུངས་རིད་པོ་ཡིན༌ལ། ཤ་ཤེད་རྒྱས་པའི་བ་མོ་བདུན་པོ་དང་མཉམ་དུ་གཙང་པོའི་འགྲམ་དུ༌བསྡད། དེ་ནས་ཤིན་ཏུ་བཙོག་ཅིང་ལུས་ཟུངས་རིད་པའི་བ་མོ་བདུན་པོས་ལྟ་ན་སྡུག་ཅིང་ཤ་ཤེད་རྒྱས་པའི་བ་མོ་བདུན་པོ་ཟོས་པ༌དང༌། དེ་ནས་ཕཱར་ཨོལ་གཉིད་སད༌དོ།།
ཕཱར་ཨོལ་སླར་ཡང་གཉིད་དུ་ཡུར་བ་དང་རྨི་ལམ་རྨིས༌སོ། །རྨི་ལམ་གཉིས་པའི་ནང༌དུ། གྲོ་ཡི་རྩི་ཤིང་གཅིག་ལ་སྙེ་མ་བདུན་ཐོགས༌ཤིང༌། སྙེ་མ་རེ་རེ་ནི་ཁ་གང་ཞིང་འབྲས་བུ་སྨིན་ཡོད༌དོ།། དེ་ནས་ཡང་སྙེ་མ་བདུན་ཐོགས༌ཤིང༌། སྙེ་མ་དེ་དག་ནི་ཤིན་ཏུ་ཕྲ་ཞིང་འབྲས་བུ་མ་སྨིན་པ་དང་ཤར་རླུང་གིས་བསྐམས་པར་གྱུར༌ཏོ།། དེར་སྙེ་མ་ཤིན་ཏུ་ཕྲ་མོ་དེ་དག་གིས་སྙེ་མ་ཁ་གང་ཞིང་འབྲས་བུ་སྨིན་པ་དེ་དག་ཟོས་པར༌གྱུར། དེ་ནས་ཕཱར་ཨོལ་གཉིད་སད་པ་དང་དོན་དེ་རྨི་ལམ་ཡིན་པ་ཤེས༌སོ།།
ནམ་ལངས་པ་དང་ཕཱར་ཨོལ་གྱི་སེམས་འཁྲུགས་པར་གྱུར༌པས། ཨེ་ཅིབ་ཡུལ་གྱི་མོ་པ་དང་བློ་གྲོས་ཅན་ཐམས་ཅད་བོས༌ཏེ། རྨི་ལམ་གྱི་དོན་དེ་སྨྲས་ནའང་སུས་ཀྱང་ཁོ་རང་ལ་འགྲེལ་མ་ནུས༌སོ།།
དེ་ནས་ཆང་གཉེར་བློན་ཆེན་གྱིས་ཕཱར་ཨོལ་ལ་འདི༌ལྟར། དེ་རིང་བདག་གིས་རང་གི་ཉེས་པ་དྲན༌བྱུང༌། 10 དེ་སྔོན་ཕཱར་ཨོལ་ཐུགས་ཁྲོས༌ཏེ། བདག་དང་གསོལ་དཔོན་གཉིས་ཀ་སྐུ་སྲུང་དམག་དཔོན་གྱི་བཙོན་ཁང་དུ་བཅུག༌ཅིང༌། 11 ངེད་གཉིས་ཀྱིས་ཞག་གཅིག་ལ་རྨི་ལམ་རེ་རྨིས་ཤིང་རྨི་ལམ་རེ་ལ་ནང་དོན་རེ༌མཆིས། 12 གནས་དེར་ངེད་གཉིས་དང་མཉམ་དུ་ཨིབ་རི་པའི་གཞོན་ནུ་ཞིག་ཀྱང༌ཡོད། ཁོ་རང་ནི་སྐུ་སྲུང་དམག་དཔོན་གྱི་ཞབས་ཕྱི་པ༌རེད། ངེད་གཉིས་ཀྱིས་རྨི་ལམ་ཁོ་ལ་སྨྲས་པ༌ན། ཁོས་ངེད་གཉིས་ཀྱི་རྨི་ལམ་ལ་རེ་རེ་བཞིན་བརྟགས༌སོ།། 13 ཕྱིས་སུ་ཁོས་རྨི་ལམ་ལ་བརྟགས་པ༌བཞིན། བདག་ལ་གོ་ས་སྔར་བཞིན་ཐོབ་པ་དང་གསོལ་དཔོན་ནི་སྡོང་པོའི་སྟེང་དུ་བཀལ་བ་ཡིན་ཞེས་སྨྲས༌སོ།།
14 དེ་ནས་ཕཱར་ཨོལ་གྱིས་ཡོ་སེབ་གདན་འདྲེན་པར་མི་འགའ་མངགས༌ཤིང༌། དེ་རྣམས་ཀྱིས་མྱུར་བ་མྱུར་དུ་ཡོ་སེབ་བཙོན་ཁང་ལས་ཕྱིར་ཁྲིད༌ཅིང༌། ཁོའི་སྐྲ་དང་སྨྲ་ར་བཞར་བ་དང་གྱོན་པ་བརྗེས་ཏེ་ཕཱར་ཨོལ་གྱི་དྲུང་དུ་ཁྲིད་ཡོང༌ངོ༌།།
15 དེ་ནས་ཕཱར་ཨོལ་གྱིས་ཡོ་སེབ་ལ་འདི༌ལྟར། བདག་གིས་རྨི་ལམ་ཞིག་རྨིས་ཤིང་སུས་ཀྱང་རྨི་ལམ་ལ་བརྟག་མ༌ཤེས། གོ་ཐོས་ལྟར་ན་ཁྱོད་ཀྱིས་རྨི་ལམ་ཐོས་མ་ཐག་ཏུ་བརྟག་ཤེས་འདུག་ཟེར་ཞེས་སྨྲས་པ༌ན། 16 ཡོ་སེབ་ན༌རེ། དེ་ནི་བདག་ལ་རག་ལས་པ་མིན༌ཏེ། དཀོན་མཆོག་གིས་ཁྱོད་ལ་ལན་ལེགས་པོ་ཞིག་གནང་བར་འགྱུར་ཞེས་སྨྲས༌སོ།། 17 ཡང་ཕཱར་ཨོལ་ན༌རེ། རྨི་ལམ་ནང་དུ་བདག་ནི་ནཱ་ཡོལ་གཙང་པོའི་འགྲམ་དུ་བསྡད་ཡོད༌ལ། 18 བ་མོ་བདུན་གཙང་པོ་ལས་ཚུར་ཡོང་བ་དང་དེ་དག་ནི་ལྟ་ན་སྡུག་ཅིང་ཤ་ཤེད་རྒྱས་པ་ཞིག་ཡིན་པ་དང་ཆུ་ནང་གི་རྩྭ་སྔོན་ཟ་བཞིན༌ཡོད། 19 དེ་ནས་ཡང་བ་མོ་བདུན་གཙང་པོ་ལས་ཚུར་ཡོང་བ་དང་དེ་དག་ནི་ཤིན་ཏུ་བཙོག་ཅིང་ཤ་ཤེད་ཞན༌ལ། བདག་གིས་བ་མོ་བཙོག་པོ་དེ་དག་ལྟ་བུ་ནི་ཨེ་ཅིབ་ཡུལ་ཀུན་ཏུའང་མཐོང་མ༌མྱོང༌། 20 དེ་ནས་ཤིན་ཏུ་བཙོག་ཅིང་ཤ་ཤེད་ཞན་པའི་བ་མོ་བདུན་པོས་དེ་སྔོན་གྱི་ཤ་ཤེད་རྒྱས་པའི་བ་མོ་བདུན་པོ་ཟོས་སོང་བ་དང༌། 21 དེ་དག་གིས་ཟོས་ཚར་ནའང་ཚུགས་ཀ་བཙོག་པོ་ནི་སྔར་བཞིན་ཡིན༌པས། ཟོས་སམ་མ་ཟོས་སུས་ཀྱང་ལྟ་མི་ཤེས༌ལ། དེ་ནས་ང་རང་ཡང་གཉིད་སད༌དོ།། 22 དེ་ནས་ཡང་བདག་གིས་རྨི་ལམ་ཞིག་རྨིས་པ༌དང༌། རྨི་ལམ་ནང་དུ་གྲོ་ཡི་རྩི་ཤིང་གཅིག་ལ་སྙེ་མ་བདུན་ཐོགས༌ཤིང༌། སྙེ་མ་རེ་རེ་ནི་ཁ་གང་ཞིང་འབྲས་བུ་སྨིན་ཡོད༌དོ།།
23 དེ་ནས་ཡང་སྙེ་མ་བདུན་ཐོགས༌ཤིང༌། སྙེ་མ་དེ་དག་ནི་ཤིན་ཏུ་ཕྲ་ཞིང་འབྲས་བུ་མ་སྨིན་པ་དང་ཤར་རླུང་གིས་བསྐམས་པར་གྱུར༌ཡོད། 24 སྙེ་མ་ཤིན་ཏུ་ཕྲ་མོ་དེ་དག་གིས་ཁ་གང་ཞིང་འབྲས་བུ་སྨིན་པའི་སྙེ་མ་བདུན་པོ་ཟོས་པ༌དང༌། བདག་གིས་རྨི་ལམ་འདི་མོ་པ་རྣམས་ལ་སྨྲས་ནའང་སུས་ཀྱང་བརྟག་མ་ཤེས་ཞེས་སྨྲས༌སོ།།
25 དེ་ནས་ཡོ་སེབ་ཀྱིས་ཕཱར་ཨོལ་ལ་འདི༌ལྟར། རྒྱལ་པོ་ཁྱེད་ཀྱིས་རྨིས་པའི་རྨི་ལམ་གཉིས་ཀ་དོན་གཅིག་ཡིན༌འདུག དཀོན་མཆོག་གིས་གང་ཞིག་མཛད་པར་འགྱུར་བ་ཁྱེད་ལ་བསྟན་ཟིན༌ཏོ།། 26 དེ་ཡང་བ་མོ་ཤ་ཤེད་ཅན་བདུན་པོ་ནི་ལོ་བདུན༌དང༌། ཁ་གང་ཞིང་འབྲས་བུ་སྨིན་པའི་སྙེ་མ་བདུན་པོའང་ལོ་བདུན༌ཡིན། འདི་གཉིས་རྨི་ལམ་གཅིག༌ཡིན། 27 དེའང་ཕྱིས་སུ་ཡོང་བའི་ཚུགས་ཀ་ཤིན་ཏུ་བཙོག་ཅིང་ཤ་ཤེད་ཞན་པའི་བ་མོ་བདུན་ནི་ལོ་བདུན༌དང༌། ཤར་རླུང་གིས་བསྐམས་པའི་སྙེ་མ་བདུན་པོའང་ལོ་བདུན༌ཡིན། དེ་གཉིས་ནི་མུ་གེ་འབྱུང་བའི་ལོ་བདུན༌ཡིན། 28 དེའི༌ཕྱིར། བདག་གིས་གོང་ནས་ཕཱར་ཨོལ་ལ་སྨྲས་པ་བཞིན་དཀོན་མཆོག་གིས་གང་ཞིག་མཛད་པར་འགྱུར་བ་ཁྱེད་ལ་བསྟན་ཟིན༌ཏོ།། 29 ཨེ་ཅིབ་ཡུལ་ཡོངས་སུ་ལོ་བདུན་རིང་ལ་ལོ་ལེགས་འབྱུང་བ༌དང༌། 30 དེ་ནས་ལོ་བདུན་རིང་ལ་མུ་གེ་འབྱུང་ངེས༌ཤིང༌། ཐ་ན་ཨེ་ཅིབ་ཡུལ་གྱི་མི་རྣམས་ཀྱིས་ལོ་ལེགས་བྱུང་བའི་དོན་དེའང་བརྗེད་པར་འགྱུར་བ༌དང༌། ཡུལ་ཡོངས་ལ་མུ་གེ་ཆེན་པོ་བྱུང་ནས་བརླག་པར་འགྱུར༌ངེས། 31 ཕྱིས་སུ་འབྱུང་ངེས་པའི་མུ་གེ་དེ་ནི་ཤིན་ཏུ་ཚབས་ཆེ་བའི༌ཕྱིར། ལོ་ལེགས་བྱུང་བའི་དོན་དེ་མི་རྣམས་ཀྱིས་སེམས་སུ་མི་དྲན༌ནོ།། 32 ཕཱར་ཨོལ་ཁྱེད་ཀྱིས་རྨི་ལམ་ཐེངས་གཉིས་ལ་རྨིས་པ་ནི་དཀོན་མཆོག་གིས་ཐུགས་ཐག་བཅད་པའི༌ཕྱིར། ཁོང་གིས་དོན་དེ་མྱུར་དུ་འགྲུབ་པར་མཛད༌ངེས། 33 དེའི༌ཕྱིར། ཕཱར་ཨོལ་ཁྱེད་ཀྱིས་བློ་དང་ཤེས་རབ་ལྡན་པའི་མི་ཞིག་བདམས༌ཏེ། ཨེ་ཅིབ་ཡུལ་སྐྱོང་བ་ལ་བསྐོ་བར༌མཛོད། 34 ཕཱར་ཨོལ་ཁྱེད་ཀྱིས་དེ་ལྟར་བྱས་རྗེས་ས་གནས་དཔོན་པོ་རྣམས་ཀྱང་ཡུལ་དེར་མངགས་ནས་དོ་དམ་བྱེད་པར༌མཛོད། དེ་ཡང་ལོ་བདུན་ལ་ལོ་ལེགས་འབྱུང་བའི་དུས༌སུ། ཨེ་ཅིབ་ཡུལ་གྱི་ལྔ་ཆའི་གཅིག་བསྡུས༌ཏེ། 35 ས་གནས་དཔོན་པོ་རྣམས་ལ་ལོ་ལེགས་བྱུང་བའི་འབྲུ་རིགས་གྲོན་ཆུང་བྱས་ནས་གྲོང་ཁྱེར་ནང་གསོག་ཏུ་འཇུག་པ་དང་ཕཱར་ཨོལ་གྱི་དབང་འོག་ཏུ་འཇུག་པར་བྱ༌དགོས། 36 ཡང་ཡུལ་ཡོངས་ལ་མུ་གེ་ཆེན་པོ་བྱུང་ནས་བརླག་པར་མི་འགྱུར་བའི༌ཕྱིར། འབྲུ་རིགས་གསོག་འཇོག་བྱས་ན་མ་འོངས་པར་ལོ་བདུན་རིང་ལ་མུ་གེ་འབྱུང་བའི་དཀའ་ངལ་སེལ་ཐུབ་ཅེས་སྨྲས༌སོ།།
རྒྱལ་པོས་ཡོ་སེབ་བློན་ཆེན་དུ་བསྐོས༌པ།
37 དེ་ཡང་ཕཱར་ཨོལ་དང་ཁོང་གི་འཁོར་གཡོག་ཐམས་ཅད་ཀྱིས་དོན་དེ་ལེགས་པར༌སྙམ། 38 དེ་ནས་ཕཱར་ཨོལ་གྱིས་རང་གི་འཁོར་གཡོག་རྣམས་ལ་འདི༌ལྟར། དཀོན་མཆོག་གི་ཐུགས་ཉིད་དང་ལྡན་པའི་མི་འདི་ལྟ་བུ་ནི་སུ་ཞིག་གིས་བཙལ་ནས་རྙེད་དམ་ཞེས་སྨྲས་པ༌དང༌། 39 ཡང་ཕཱར་ཨོལ་གྱིས་ཡོ་སེབ་ལ་འདི༌ལྟར། དཀོན་མཆོག་གིས་དོན་འདི་ཁྱོད་ལ་མངོན་པར་མཛད༌པས། ཁྱོད་བཞིན་དུ་བློ་དང་ཤེས་རབ་ལྡན་པའི་མི་གཞན་ཞིག་ཡོད་མི༌སྲིད། 40 ཁྱོད་ཀྱིས་བདག་གི་ཕོ་བྲང་སྐྱོང་བ༌དང༌། བདག་གི་འབངས་མི་ཐམས་ཅད་ཀྱིས་ཁྱོད་ཀྱི་ངག་ལ་ཉན་སྲིད་པ༌དང༌། ཁྲི་སྟེང་དུ་བཞུགས་པ་བདག་ཁོ་ན་ཁྱོད་ལས་མཐོའོ་ཞེས༌སྨྲས། 41 ཡང་ཕཱར་ཨོལ་གྱིས་ཡོ་སེབ་ལ་འདི༌ལྟར། ལྟོས༌དང༌། བདག་གིས་ཁྱོད་ནི་ཨེ་ཅིབ་ཡུལ་ཐམས་ཅད་སྐྱོང་བར་བསྐོས་པ་ཡིན་ཞེས་སྨྲས་པ༌དང༌། 42 རང་གི་མཛུབ་མོ་སྟེང་གི་ཐམ་ག་དང་ལྡན་པའི་མཛུབ་དཀྲིས་བླངས་ཏེ་ཡོ་སེབ་ཀྱི་མཛུ་གུར་བསྐོན་པ༌དང༌། ཡོ་སེབ་ཀྱི་ལུས་ལ་སོ་རས་སྲབ་བུའི་གོས་བསྐོན་ཞིང་སྐེ་ལ་གསེར་གྱི་མགུལ་རྒྱན་འདོགས་སུ་བཅུག་པ༌དང༌། 43 རྒྱལ་པོའི་ཤིང་རྟ་གཉིས་པར་ཡོ་སེབ་སྡོད་དུ་བཅུག་པ༌དང༌། དེའི་སྔོན་དུ་མི་མངགས་ཤིང་དེ་དག་གིས་ཕྱག་འཚལ་བར་གྱིས་ཞེས༌སྨྲས། དེ་ལྟར་ཕཱར་ཨོལ་གྱིས་ཡོ་སེབ་ནི་ཨེ་ཅིབ་ཡུལ་ཐམས་ཅད་སྐྱོང་བར་བསྐོས༌སོ།།
44 ཡང་ཕཱར་ཨོལ་གྱིས་ཡོ་སེབ་ལ་འདི༌ལྟར། བདག་ནི་ཕཱར་ཨོལ་ཡིན༌ནོ། །ཨེ་ཅིབ་ཡུལ་ཡོངས་སུ་ཁྱོད་ཀྱི་བཀའ་མེད༌ན། མི་སུས་ཀྱང་གང་འདོད་དུ་བྱ་མི་རུང་ཞེས༌སྨྲས། 45 དེ་ནས་ཕཱར་ཨོལ་གྱིས་ཡོ་སེབ་ཀྱི་མིང་ལ་ཚཱབ་ནཱ་ཕཱ་ནེ་ཨ་ཞེས་བཏགས་པ༌དང༌། ཡང་ཨོ་ནཱ་ཡུལ་གྱི་མཆོད་དཔོན་ཕའོ་ཏི་ཕེ་རཱ་ཞེས་པའི་བུ་མོ་ཨ་སི་ནཱ་ཐི་ཁོའི་ཆུང་མར༌གནང༌། དེ་ནས་ཡོ་སེབ་ནི་ཨེ་ཅིབ་ཀྱི་ཡུལ་སོ་སོར་རྟོག་དཔྱོད་བྱེད་དུ་སོང༌ངོ༌།།
46 དེ་ཡང་རྒྱལ་པོ་ཕཱར་ཨོལ་གྱིས་ཡོ་སེབ་ཁོ་རང་ཨེ་ཅིབ་ཀྱི་ཡུལ་སྐྱོང་བར་བསྐོས་པའི་དུས་སུ་ཁོ་ལོ་སུམ་ཅུ་ཡིན༌ལ། ཁོ་རང་རྒྱལ་པོའི་དྲུང་ནས་ཨེ་ཅིབ་ཀྱི་ཡུལ་ཐམས་ཅད་ལ་རྟོག་དཔྱོད་བྱེད་དུ༌སོང༌། 47 ལོ་ལེགས་བྱུང་བའི་ལོ་བདུན་རིང་ལ་འབྲུ་རིགས་ཕུན་སུམ་ཚོགས་པ་ཐོབ་པ༌དང༌། 48 ཡོ་སེབ་ཀྱིས་ལོ་བདུན་རིང་ལ་ལོ་ལེགས་བྱུང་བའི་འབྲུ་རིགས་ཐམས་ཅད་གྲོང་ཁྱེར་གྱི་འབྲུ་མཛོད་ཁང་དུ་བཅུག༌གོ །གྲོང་ཁྱེར་སོ་སོའི་ཉེ་འཁོར་གྱི་འབྲུ་རིགས་ཐམས་ཅད་གྲོང་ཁྱེར་ནང་དུ༌བཅུག 49 ཡོ་སེབ་ཀྱིས་འབྲུ་རིགས་སྣ་ལྔ་བསགས་པ་ནི་རྒྱ་མཚོའི་འགྲམ་གྱི་བྱེ་མ་དང་མཚུངས་པར་གྲངས་ཀྱིས་མི་ཟིན༌ཏོ། །ཅིའི་ཕྱིར་ཞེ༌ན། འབྲུ་རིགས་ཤིན་ཏུ་མང་བའི་ཕྱིར༌རོ།།
50 དེ་ཡང་མུ་གེ་མ་བྱུང་བའི་ཡར་སྔོན༌དུ། ཨོ་ནཱ་ཡུལ་གྱི་མཆོད་དཔོན་ཕའོ་ཏི་ཕེ་རཱ་ཞེས་པའི་བུ་མོ་ཨ་སི་ནཱ་ཐི་ཡིས་ཡོ་སེབ་ལ་བུ་གཉིས་བཙས་པ༌དང༌། 51 ཡོ་སེབ་ཀྱིས་བུ་སྐྱེས་འགོའི་མིང་ལ་མཱ་ན་ཤེ་* མཱ་ན་ཤེ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་བརྗེད་དུ་བཅུག་ཅེས་པའི་དོན་ལ༌འཇུགཞེས༌བཏགས། ཅིའི་ཕྱིར་ཞེ༌ན། ཁོ་ན༌རེ། དཀོན་མཆོག་གིས་བདག་ལ་དཀའ་ངལ་སྣ་ཚོགས་དང་བདག་གི་ཕ་ཡི་ཁྱིམ་མི་ཐམས་ཅད་བརྗེད་པར་མཛད་པ་ཡིན་ཞེས་སྨྲས་པའི་ཕྱིར༌རོ།། 52 ཡང་བུ་ཆུང་བའི་མིང་ལ་ཨེ་ཕཱར་ཡིམ་ ཨེ་ཕཱར་ཡིམ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་དར་བར་མཛད་པ་ཞེས་པའི་དོན་ལ༌འཇུགཞེས༌བཏགས། ཅིའི་ཕྱིར་ཞེ༌ན། ཁོ་ན༌རེ། དཀོན་མཆོག་གིས་བདག་ནི་དཀའ་སྡུག་མྱང་བའི་ཡུལ་དུ་དར་ཞིང་རྒྱས་པར་མཛད་པ་ཡིན་ཞེས་སྨྲས་པའི་ཕྱིར༌རོ།།
53 དེ་ཡང་ཨེ་ཅིབ་ཡུལ་དུ་ལོ་ལེགས་བྱུང་བའི་ལོ་བདུན་པོ་མཇུག་རྫོགས༌རྗེས། 54 ཡོ་སེབ་ཀྱིས་སྨྲས་པ་བཞིན་མུ་གེ་འབྱུང་བའི་ལོ་བདུན་དེ་སླེབས༌སོ། །དེ་ནས་ཡུལ་གཞན་ཐམས་ཅད་ལ་མུ་གེ་བྱུང་ནའང་ཨེ་ཅིབ་ཀྱི་ཡུལ་ཁོ་ནར་འབྲུ་རིགས་མཆིས༌སོ།། 55 ཨེ་ཅིབ་ཀྱི་ཡུལ་ལའང་མུ་གེ་བྱུང་བས་འབངས་མི་རྣམས་ཀྱིས་ཕཱར་ཨོལ་ལ་འབྲུ་རིགས་བསླངས་པ༌ན། རྒྱལ་པོ་ན༌རེ། ཁྱོད་ཅག་ཡོ་སེབ་ཀྱི་དྲུང་དུ་སོང༌ཞིག ཁོས་ཇི་ལྟར་སྨྲས་པ་ཡིན་ན་ཁྱོད་ཅག་གིས་དེ་ལྟར་སྒྲུབས་ཤིག་ཅེས་སྨྲས༌སོ།། 56 སྐབས༌དེར། གནམ་འོག་ཀུན་ལ་མུ་གེ་བྱུང་བ༌དང༌། ཨེ་ཅིབ་ཡུལ་ཀུན་ལའང་མུ་གེ་ཆེན་པོ་བྱུང་བས་ཡོ་སེབ་ཀྱིས་ཡུལ་སོ་སོའི་འབྲུ་མཛོད་ཕྱེས་ཏེ། ཨེ་ཅིབ་ཀྱི་མི་རྣམས་ལ་འབྲུ་རིགས་བཙོངས་པ༌རེད། 57 ཡུལ་སོ་སོའི་མི་རྣམས་ཨེ་ཅིབ་ཀྱི་ཡུལ་དུ་སོང་ཞིང་ཡོ་སེབ་ཀྱི་དྲུང་ནས་འབྲུ་རིགས་ཉོས་པ༌སྟེ། གནམ་འོག་ཀུན་ལ་མུ་གེ་ཆེན་པོ་བྱུང་བས༌སོ།།

*ལེའུ་ཞེ་གཅིག༌པ།:51 མཱ་ན་ཤེ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་བརྗེད་དུ་བཅུག་ཅེས་པའི་དོན་ལ༌འཇུག

ལེའུ་ཞེ་གཅིག༌པ།:52 ཨེ་ཕཱར་ཡིམ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་དར་བར་མཛད་པ་ཞེས་པའི་དོན་ལ༌འཇུག