ལེའུ་ཞེ་གཉིས༌པ།
ཡ་ཀོབ་ཀྱིས་བུ་རྣམས་ཨེ་ཅིབ་ཡུལ་དུ་མངགས༌པ།
དེ་ཡང་ཡ་ཀོབ་ཀྱིས་ཨེ་ཅིབ་ཡུལ་དུ་འབྲུ་རིགས་ཡོད་པ་ཤེས་ཏེ་རང་གི་བུ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་ཅིའི་ཕྱིར་ཕན་ཚུན་ལ༌ལྟའམ། བདག་གིས་ཨེ་ཅིབ་ཡུལ་དུ་འབྲུ་རིགས་ཡོད་པ་ཐོས༌བྱུང༌། རང་ཅག་རྣམས་འཚོ་ཞིང་གཞེས་པ་དང་མི་འཆི་བའི༌ཕྱིར། ཁྱོད་རྣམས་ཀྱང་ཨེ་ཅིབ་ཡུལ་དུ་སོང་ནས་འབྲུ་རིགས་ཉོས་ན་ལེགས་ཞེས་སྨྲས༌སོ།། དེ་ནས་ཡོ་སེབ་ཀྱི་གཅེན་པོ་བཅུ་པོའང་མར་ཨེ་ཅིབ་ཡུལ་དུ་འབྲུ་རིགས་ཉོ་རུ་སོང༌མོད། འོན༌ཀྱང༌། ཡོ་སེབ་ཀྱི་གཅུང་པོ་པེན་ཡཱ་མེན་ནི་ཁོའི་གཅེན་པོ་རྣམས་དང་མཉམ་དུ་མ་མངགས༌ཏེ། ཡ་ཀོབ་ན༌རེ། ཁོ་ལ་བར་ཆད་འབྱུང་སྲིད་ཅེས་སྨྲས་པའི་ཕྱིར༌རོ།། དེ་ཡང་ཀ་ན་ཨན་ཡུལ་ལའང་མུ་གེ་བྱུང་བས་འབྲུ་རིགས་ཉོ་རུ་ཡོང་བའི་མི་རྣམས་ཀྱི་ཁྲོད་དུ་ཡེས་ར་ཨེལ་ཞེས་བྱ་བ་སྟེ་ཡ་ཀོབ་ཀྱི་བུ་རྣམས་ཀྱང་ཡོད༌དོ།། དུས་དེར་ཨེ་ཅིབ་ཀྱི་ཡུལ་ཐམས་ཅད་སྐྱོང་མཁན་ནི་ཡོ་སེབ་ཡིན༌ལ། ཡུལ་སོ་སོའི་མི་རྣམས་ལ་འབྲུ་རིགས་འཚོང་མཁན་ཡང་ཡོ་སེབ༌ཡིན། ཡོ་སེབ་ཀྱི་གཅེན་པོ་རྣམས་ཀྱང་ཡོང་སྟེ་པུས་མོ་སར་བཙུགས་ནས་ཁོང་ལ་ཕྱག་བཙལ་བ༌དང༌། ཡོ་སེབ་ཀྱིས་རང་གི་གཅེན་པོ་རྣམས་མཐོང་བ་དང་ངོ་ཤེས་ནའང་མ་ཤེས་ཁུལ་གྱིས་ཁྱོད་ཅག་གང་ནས་ཡོང་བ་ཡིན་ཞེས་བཙན་གྱིས་དྲིས་པ༌ན། ཁོ་རྣམས་ན༌རེ། ངེད་ཅག་ཀ་ན་ཨན་ཡུལ་ནས་གནས་འདིར་འབྲུ་རིགས་ཉོ་རུ་ཡོང་བ་ཡིན་ཞེས་སྨྲས༌སོ།། ཡོ་སེབ་ཀྱིས་རང་གི་གཅེན་པོ་རྣམས་ངོ་ཤེས་ནའང་ཁོ་རྣམས་ཀྱིས་ཡོ་སེབ་མ་ཤེས༌སོ།། དེ་ནས་ཡོ་སེབ་ཀྱིས་སྔོན་ཆད་རྨི་ལམ་གཉིས་རྨིས་མྱོང་བ་ཡིད་ལ་དྲན༌ཏེ། ཁྱོད་རྣམས་མྱུལ་མ༌ཡིན། སྲུང་དམག་མེད་པའི་ཡུལ་འདིར་ལྐོག་ལྟ་བྱེད་དུ་ཡོང་བ་རེད་ཅེས་སྨྲས་པ༌དང༌། 10 ཁོ་རྣམས་ན༌རེ། ཇོ་བོ་ལགས། དེ་འདྲ་མིན༌ཏེ། ཁྱེད་ཀྱི་ཞབས་ཕྱི་པ་ངེད་རྣམས་ནི་གནས་འདིར་འབྲུ་རིགས་ཉོ་རུ་ཡོང་བ༌ཡིན། 11 ངེད་ཅག་ནི་ཕ་གཅིག་གི་བུ་ཡིན༌ལ། མི་དྲང་པོ་ཡིན་པ་ལས་མྱུལ་མ་མིན་ཞེས་སྨྲས་པ༌ན། 12 ཡོ་སེབ་ན༌རེ། དེ་འདྲ་ག་ལ༌ཡིན། ཁྱོད་རྣམས་སྲུང་དམག་མེད་པའི་ཡུལ་འདིར་ལྐོག་ལྟ་བྱེད་དུ་ཡོང་བ་ཤ་སྟག་རེད་ཅེས་སྨྲས་པ༌དང༌། 13 ཁོ་རྣམས་ན༌རེ། ཁྱེད་ཀྱི་ཞབས་ཕྱི་པ་ངེད་ཅག་ལ་སྤུན་བཅུ་གཉིས་ཡོད་ཅིང་ཀ་ན་ཨན་ཡུལ་གྱི་ཕ་གཅིག་གི་བུ་རྣམས་ཡིན༌ལ། སྤུན་རྣམས་ལས་ཆེས་ཆུང་བ་ད་ལྟ་ཕ་ཡི་དྲུང་དུ་ཡོད་པ༌དང༌། སྤུན་གཞན་ཞིག་ཚེ་ལས་འདས་སོང་ཞེས་སྨྲས༌སོ།།
14 དེ་ནས་ཡོ་སེབ་ན༌རེ། བདག་གིས་ཁྱོད་རྣམས་མྱུལ་མ་རེད་ཅེས་སྨྲས་པ་དོན་ལ༌གནས། 15 བདག་གིས་ཕཱར་ཨོལ་དཔང་དུ་བཙུགས་ནས་དམ་བཅའ་བར་བྱ༌སྟེ། གལ༌སྲིད། ཁྱོད་རྣམས་ཀྱི་སྤུན་ཆེས་ཆུང་བ་གནས་འདིར་ཡོང་བ་མིན༌ན། ཁྱོད་རྣམས་ཀྱང་གནས་འདི་ནས་ཕྱིར་འགྲོ་མི་ཐུབ༌ལ། དེ་ལས་ཁྱོད་རྣམས་ག་འདྲ་ཡིན་པའང་ར་སྤྲོད་བྱེད་ཐུབ་པ༌ཡིན། 16 ཁྱོད་རྣམས་ལས་སྤུན་གཅིག་མངགས་ནས་སྤུན་ཆེས་ཆུང་བའང་འདིར་ཁྲིད་ཤོག༌ཅིག ཁྱོད་ཅག་གིས་སྨྲས་པའི་གཏམ་བདེན་མིན་ལ་བརྟག་པའི༌ཕྱིར། ཁྱོད་རྣམས་འདིར་བཙོན་དུ་འདུག་དགོས་པ༌ཡིན། གལ་ཏེ་ཁྱོད་ཅག་གིས་སྨྲས་པའི་གཏམ་དེ་བདེན་པ་མིན༌ན། བདག་གིས་ཕཱར་ཨོལ་དཔང་དུ་བཙུགས་ནས་དམ་བཅའ༌སྟེ། ཁྱོད་རྣམས་མྱུལ་མ་ཤ་སྟག་རེད་ཅེས་སྨྲས༌སོ།། 17 དེ་ནས་ཡོ་སེབ་ཀྱིས་རང་གི་སྤུན་གཞན་རྣམས་ཉིན་གསུམ་ལ་བཙོན་དུ་བཅུག༌གོ །
18 དེ་ནས་ཉིན་གསུམ་པར་ཡོ་སེབ་ཀྱིས་སྤུན་རྣམས་ལ་འདི༌ལྟར། བདག་ནི་དཀོན་མཆོག་ལ་གུས་ཤིང་འཇིགས་པ་ཞིག་ཡིན༌ཞིང༌། ཁྱོད་ཅག་གིས་དེ་བཞིན་བྱས་ན་རང་སྲོག་འཆོར་མི༌སྲིད། 19 ཁྱོད་ཅག་མི་དྲང་པོ་ཡིན༌ན། ཁྱོད་རྣམས་ལས་སྤུན་གཅིག་བཙོན་དུ་བསྡད་དེ། སྤུན་གཞན་རྣམས་ཀྱིས་འབྲུ་རིགས་ཁུར་ནས་རང་ཁྱིམ་གྱི་བཀྲེས་ལྟོགས་སེལ་བར་འགྲོ་རུང་བ༌ཡིན། 20 འོན༌ཀྱང༌། ཁྱོད་རྣམས་ཀྱིས་རང་གི་སྤུན་ཆེས་ཆུང་བ་དེ་འདིར་ཁྲིད་ཤོག༌ཅིག དེ་ལྟར་བྱས༌ན། ཁྱོད་ཅག་གིས་སྨྲས་པའི་གཏམ་ལ་བདེན་དཔང་བྱེད་ཐུབ༌ཅིང༌། ཁྱོད་རྣམས་ཀྱང་འཆི་མི་སྲིད་ཅེས་སྨྲས་པ༌དང༌། སྤུན་དེ་རྣམས་ཀྱིས་ཀྱང་དེ་ལྟར་བྱས༌སོ།།
21 དེ་ནས་སྤུན་རྣམས་ཀྱིས་ཕན་ཚུན་ན༌རེ། རང་ཅག་ནི་སྤུན་གྱི་ཆ་ནས་ཉེས་པ་ཡོད༌དེ། ཁོས་སྨྲེ་སྔགས་བཏོན་ནས་རང་ཅག་ལ་ཞུ་བ་བྱེད་པའི་སྐབས༌སུ། ངེད་རྣམས་ཀྱིས་ཁོའི་སེམས་སྐྱོ་སྡུག་གིས་ཁེངས་པ་མཐོང༌ཡང༌། ཁོས་ཞུ་བར་མ་མཉན་པས་ད་ནི་སྡུག་བསྔལ་འདི་ལྟ་བུ་རང་ཅག་རྣམས་ལ་བྱུང་བ་ཡིན་ཞེས་སྨྲས༌སོ།།
22 དེར་རུ་བེན་ན༌རེ། བདག་གིས་ཁྱོད་རྣམས་ལ་བྱིས་པ་དེར་སྡིག་པ་བྱེད་མི་རུང་ཞེས་སྨྲས་མྱོང་བ་མ་ཡིན༌ནམ། ཁྱོད་རྣམས་ཀྱིས་བདག་གི་གཏམ་ལ་མ་མཉན༌པས། ཁོ་རང་ལ་ཁྲག་བཞུར་དུ་བཅུག་པའི་སྡིག་པ་ནི་ད་ལྟ་རང་ཅག་རྣམས་ཀྱིས་འཇལ་དགོས་ཞེས་སྨྲས་པ༌དང༌། 23 ཁོ་རྣམས་ཀྱི་སེམས་སུ་ཁོ་ཚོས་སྨྲས་པའི་གཏམ་དེ་དག་ཡོ་སེབ་ཀྱིས་མ་ཐོས་པར༌སྙམ། རྒྱུ་མཚན་ནི་ཡོ་སེབ་དང་ཁོ་རྣམས་བར་དུ་སྐད་སྒྱུར་བ་ཞིག་ཡོད་པའི་ཕྱིར༌རོ།།
24 དེ་ནས་ཡོ་སེབ་ཕར་སོང་ནས་ངུས༌ཤིང༌། ཡང་ཕྱིར་ཡོང་ནས་རང་གི་སྤུན་རྣམས་ལ་གླེང་མོལ་བྱས་པ༌དང༌། སྤུན་དེ་རྣམས་ཀྱི་ཁྲོད་ནས་སི་མུ་ཨོན་ཞེས་པ་བདམས་ཏེ་ཁོ་རྣམས་ཀྱི་མིག་མདུན་ནས་བཀྱིགས༌སོ།།
25 ཡོ་སེབ་ཀྱིས་མི་མངགས་ནས་རང་གི་སྤུན་རྣམས་ཀྱི་སྒྱེ་མོའི་ནང་དུ་འབྲུ་རིགས་ཀྱིས་གཏམས་པར་མཛད༌ཅིང༌། ཁོ་རྣམས་ཀྱི་དངུལ་སྒོར་ཡང་ཕྱིར་ཁོ་རྣམས་ཀྱི་སྒྱེ་མོའི་ནང་དུ་འཇུག་པ༌དང༌། ཁོ་རྣམས་ལ་ལམ་བྲོའང་སྟེར་དགོས་པའི་བཀའ་ཕབ་པ་དང་དེ་ལྟར་བསྒྲུབས༌སོ།། 26 ཁོ་རྣམས་ཀྱིས་ཀྱང་འབྲུ་རིགས་བོང་བུར་བཀལ་ནས་ཡུལ་དེ་དང་ཁ་བྲལ༌ཏོ།།
27 དེ་ནས་ཁོ་རྣམས་ལམ་ལ་ཆས་ཤིང་ལམ་བར་ནས་ཞག་སྡོད་བྱེད་སར་སླེབས༌དུས། ཁོ་རྣམས་ལས་སྤུན་ཞིག་གིས་བོང་བུར་གཟན་ཆས་སྟེར་སྙམ་ནས་སྒྱེ་མོའི་ཁ་ཕྱེས་པ་ན། རང་གི་དངུལ་སྒོར་དེ་སྒྱེ་མོའི་ནང་དུ་ཡོད་པ་མཐོང༌སྟེ། 28 སྤུན་གཞན་རྣམས་ལ་འདི༌ལྟར། བདག་གི་དངུལ་སྒོར་ཕྱིར་ཡོང༌ངོ༌། །ལྟོས༌དང༌། བདག་གི་སྒྱེ་མོའི་ནང་དུ་འདུག་ཅེས་སྨྲས་པ༌དང༌། ཁོ་རྣམས་ཤིན་ཏུ་འཇིགས་ཤིང་སྐྲག༌སྟེ། འདི་ནི་དཀོན་མཆོག་གིས་རང་ཅག་ལ་ཅི་ཞིག་མཛད་པ་ཡིན་ནམ་ཞེས་སྨྲས༌སོ།།
29 དེ་ནས་ཁོ་རྣམས་ཀ་ན་ཨན་ཡུལ་གྱི་ཡབ་ཡ་ཀོབ་ཀྱི་གམ་དུ་སླེབས་པ༌དང༌། ཁོ་རྣམས་ལ་བྱུང་བའི་དོན་རྣམས་འདི་ལྟར་སྨྲས༌པ། 30 ཡུལ་དེའི་བདག་པོས་ངེད་ཅག་ལ་བཙན་གཏམ་སྨྲས་པ༌དང༌། ངེད་ཅག་ཡུལ་དེར་གསང་མྱུལ་དུ་ཡོང་བར་འདོད༌ཅིང༌། 31 ངེད་རྣམས་ཀྱིས་བདག་པོ་དེ༌ལ། ངེད་ཅག་མི་དྲང་པོ་ཡིན་པ་ལས་མྱུལ་མ༌མིན། 32 ངེད་རྣམས་ལ་སྤུན་བཅུ་གཉིས་ཡོད་ཅིང་ཐམས་ཅད་ཕ་གཅིག་གི་བུ་རྣམས་ཡིན༌ལ། སྤུན་གཅིག་ཚེ་ལས་འདས་པ༌དང༌། སྤུན་ཆེས་ཆུང་བ་ད་ལྟ་ཕ་དང་མཉམ་དུ་ཀ་ན་ཨན་ཡུལ་དུ་ཡོད་ཅེས་སྨྲས་པ༌ན། 33 ཡུལ་དེའི་བདག་པོ་ན༌རེ། བདག་གིས་ཁྱོད་རྣམས་མི་དྲང་པོ་ཡིན་པ་ཤེས་དགོས༌ན། ཁྱོད་ཅག་རྣམས་ལས་གཅིག་བདག་གི་ཡུལ་འདིར་སྡོད༌དང༌། གཞན་རྣམས་ཀྱིས་འབྲུ་རིགས་ཁུར་ནས་རང་ཁྱིམ་གྱི་བཀྲེས་ལྟོགས་སེལ་བར་སོང༌ཞིག 34 འོན༌ཀྱང༌། ཁྱོད་རྣམས་ཀྱིས་རང་གི་སྤུན་ཆེས་ཆུང་བ་དེ་འདིར་ཁྲིད་ཤོག༌དང༌། བདག་གིས་ཁྱོད་རྣམས་མྱུལ་མ་མིན་པར་མི་དྲང་པོ་ཡིན་པ་ཤེས་ནུས་པ༌ཡིན། དེ་ལྟར་བྱས༌ན། བདག་གིས་ཁྱོད་ཅག་གི་སྤུན་ཕྱིར་ཁྱོད་རྣམས་ལ་སྤྲོད་པ༌དང༌། ཁྱོད་རྣམས་ཀྱིས་ཀྱང་ཡུལ་འདི་ནས་ཚོང་ལས་གཉེར་ཆོག་པ་ཡིན་སྨྲས་ཞེས༌བཤད་དོ།།
35 དེ་ཡང་ཕྱིས་སུ་ཁོ་རྣམས་ཀྱིས་རང་རང་གི་སྒྱེ་མོའི་ཁ་ཕྱེས་པ་ན། མི་རེ་རེའི་དངུལ་ཁུག་སྒྱེ་མོའི་ནང་དུ་ཡོད་པ༌དང༌། ཡབ་དང་ཁོ་རྣམས་ཀྱིས་དངུལ་ཁུག་མཐོང་བ་དང་འཇིགས་སྐྲག་སྐྱེས༌སོ།། 36 དེ་ནས་ཡབ་ཡ་ཀོབ་ཀྱིས་བུ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་བདག་གི་བུ་གཉིས་མེད་པར་བྱས༌ཏེ། ཡོ་སེབ་མེད༌ལ། སི་མུ་ཨོན་ཡང་མེད༌དོ། །ཁྱོད་རྣམས་ཀྱིས་ད་དུང་བདག་གི་བུ་པེན་ཡཱ་མེན་ཡང་ཁྲིད་འདོད་པ༌རེད། ད་ལྟ་སྡུག་བསྔལ་འདི་ཐམས་ཅད་བདག་གི་མགོ་ལ་ཡོང་བ་ཡིན་ཞེས་སྨྲས༌སོ།།
37 དེ་ནས་རུ་བེན་གྱིས་ཡབ་ལ་འདི༌ལྟར། སྤུན་པེན་ཡཱ་མེན་བདག་ལ་སྤྲོད༌དང༌། བདག་གིས་ཁྱེད་ལ་ཕྱིར་སྤྲོད་ངེས༌ཡིན། གལ་ཏེ་བདག་གིས་སྤུན་པེན་ཡཱ་མེན་ཕྱིར་ཁྲིད་མ་ཡོང༌ན། ཁྱེད་ཀྱིས་བདག་གི་བུ་གཉིས་ཀ་བསད་ཆོག་ཅེས་སྨྲས་པ༌ན། 38 ཡ་ཀོབ་ན༌རེ། པེན་ཡཱ་མེན་ཁྱོད་རྣམས་དང་མཉམ་དུ་འགྲོ་མི༌ཆོག ཁོའི་གཅེན་པོ་ཚེ་ལས་འདས་ཤིང་ད་ལྟ་ཁོ་རང་ཁོ་ན་ལུས་འདུག་པ༌དང༌། ཁོ་རང་ཁྱོད་རྣམས་དང་མཉམ་དུ་འགྲོ་བའི་ལམ་བར་དུ་བར་ཆད་བྱུང༌ཚེ། ཁྱོད་རྣམས་ཀྱིས་སྐྲ་དཀར་པོར་གྱུར་པའི་རྒན་པོ་བདག་སྡུག་བསྔལ་གྱི་ངང་ནས་གཤིན་པོའི་གནས་སུ་བསྐྱལ་བ་ཡིན་ཞེས་སྨྲས༌སོ།།