ལེའུ་ཞེ་གསུམ༌པ།
ཨེ་ཅིབ་ཡུལ་དུ་ལན་གཉིས་པར་ཕྱིན༌པ།
དེ་ཡང་ཡུལ་དེར་མུ་གེ་བྱུང་བ་ཚབས་ཆེ༌བས། ཁོ་རྣམས་ཀྱིས་ཨེ་ཅིབ་ཡུལ་ནས་ཁྱེར་ཡོང་བའི་འབྲུ་རིགས་ཐམས་ཅད་ཟོས་ཚར་བ༌དང༌། ཡང་ཁོ་རྣམས་ཀྱི་ཕ་ན༌རེ། ཁྱོད་རྣམས་ཡང་འབྲུ་རིགས་ཉོ་རུ་སོང་ཞིག་ཅེས་སྨྲས༌སོ།། དེ་ནས་ཡ་ཧུ་དཱ་ན༌རེ། དེ་སྔར་མི་དེས་ངེད་ཅག་ལ་ནན་གྱིས་འདི་སྐད༌དུ། ཁྱོད་ཅག་གི་སྤུན་ཁྱོད་ཅག་དང་མཉམ་དུ་མ་ཡོང༌ན། བདག་དང་ངོ་འཕྲད་པར་ཡོང་མི་དགོས་ཞེས་སྨྲས་མྱོང༌བས། ཡབ་ཁྱེད་ཀྱིས་སྤུན་པེན་ཡཱ་མེན་ངེད་ཅག་དང་ལྷན་དུ་འགྲོ་བར་མཛད༌ན། ངེད་ཅག་མར་འབྲུ་རིགས་ཉོ་རུ༌འགྲོ། ཁྱེད་ཀྱིས་སྤུན་པེན་ཡཱ་མེན་ངེད་ཅག་དང་མཉམ་དུ་འགྲོ་རུ་མི་འཇུག་ན། ངེད་ཅག་ཀྱང་འགྲོ་བར་མི༌བྱ། ཅིའི་ཕྱིར་ཞེ༌ན། དེ་སྔར་མི་དེས་ངེད་ཅག་ལ་ཁྱོད་ཅག་གི་སྤུན་ཁྱོད་ཅག་དང་མཉམ་དུ་མ་ཡོང་ན་བདག་དང་ངོ་འཕྲད་པར་མི་བྱ་ཞེས་ནན་གྱིས་སྨྲས་མྱོང་བའི་ཕྱིར་ཡིན་ཞེས་སྨྲས༌སོ།།
དེར་ཡེས་ར་ཨེལ་ན༌རེ། ཁྱོད་རྣམས་ཀྱིས་མི་དེར་ངེད་ཅག་ལ་ད་དུང་སྤུན་ཞིག་ཡོད་ཅེས་སྨྲས་ཏེ་བདག་ལ་འདི་ལྟར་གནོད་འཚེ་བྱེད་དོན་ཅི་ཞེས་སྨྲས་པ༌ལ། བུ་རྣམས་ན༌རེ། མི་དེས་ངེད་ཅག་དང་ངེད་ཅག་གི་ཉེ་རིང་སོགས་ཞིབ་ཏུ་འདི༌ལྟར། ཁྱོད་ཅག་གི་ཕ་ནི་བཞུགས་ལགས༌སམ། ཁྱོད་རྣམས་ལ་ད་དུང་སྤུན་གཞན་ཡོད་དམ་ཞེས་དྲིས་པ༌ན། ངེད་ཅག་གིས་ཀྱང་ཁོའི་དྲི་བ་ལྟར་ལན་བཏབ་པ༌ཡིན། ཁོས་ཁྱོད་ཅག་གི་སྤུན་ཁྲིད་ཤོག་ཅིག་ཅེས་སྨྲ་ངེས་པ་ངེད་ཅག་གིས་ཤེས་ནུས་སམ་ཞེས་སྨྲས༌སོ།། དེ་ནས་ཡ་ཧུ་དཱ་ཡིས་ཕ་ལ་འདི༌ལྟར། རང་ཅག་ཚང་གི་མི་ཐམས་ཅད་འཚོ་ཞིང་གཞེས་པ་དང་མི་འཆི་བའི༌ཕྱིར། ཁྱེད་ཀྱིས་སྤུན་ཆུང་བདག་དང་ལྷན་དུ་འགྲོ་རུ་ཆུག༌དང༌། ངེད་ཅག་འབྲུ་རིགས་ཉོ་རུ༌འགྲོ། བདག་གིས་སྤུན་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་ཅིང་རང་ཉིད་གཏའ་མར་འཇོག༌གོ །གལ་ཏེ་བདག་གིས་སྤུན་ཕྱིར་ཁྱེད་ཀྱི་དྲུང་དུ་ཁྲིད་མ་ཡོང༌ན། བདག་གིས་ནམ་ཡང་སྡིག་པ་འཁུར་ངེས༌ཡིན། 10 གལ་སྲིད་དུས་འགྱངས་བྱས་པ་མིན༌ན། ད་ལྟ་ངེད་ཅག་ཐེངས་གཉིས་ཙམ་ལའང་ཕྱིར་ཡོང་ཟིན་ཞེས་སྨྲས༌སོ།།
11 དེ་ནས་ཁོ་རྣམས་ཀྱི་ཕ་ཡེས་ར་ཨེལ་ན༌རེ། དངོས་གནས་དེ་ལྟར་བྱེད་དགོས༌ན། ཁྱོད་ཅག་གིས་དེ་བཞིན་བྱོས༌ཤིག རང་ཅག་གི་ཡུལ་འདིའི་ཕུལ་དུ་བྱུང་བའི་སྤོས་དཀར་དང༌། སྦྲང༌རྩི། བསུང་རྫས། གུ༌གུལ། ཚི་གུའི༌རིགས། སྟར་ཀ་བཅས་རེ་རེ་བཞིན་ཉུང་ངུ་རེ་བླངས་ནས་སྣོད་ཀྱི་ནང་དུ་བཞག༌སྟེ། མར་ཨེ་ཅིབ་ཡུལ་གྱི་མི་དེ་ལ་ལེགས་སྐྱེས་སུ་ཁྱེར༌ཅིག 12 གཞན་ཡང་ལག་ཏུ་དངུལ་སྒོར་ལྡབ་གཉིས་མང་དུ་འཛིན་པ༌དང༌། དེ་སྔར་སྒྱེ་མོའི་ནང་དུ་ཡོད་པའི་དངུལ་སྒོར་ཡང་ལག་ཏུ་འཛིན༌དགོས། དེ་ནི་ནོར་འཕྱུག་བྱུང་ནས་སྒྱེ་མོའི་ནང་དུ་བཅུག་པ་ཡིན་ཡང༌སྲིད། 13 ཁྱོད་ཅག་གི་སྤུན་ཁྲིད་ནས་མི་དེའི་དྲུང་དུ་སོང༌ཞིག 14 ཁྱོད་ཅག་གི་སྤུན་སི་མུ་ཨོན་དང་པེན་ཡཱ་མེན་གཉིས་ཀ་ཕྱིར་སྤྲོད་པའི་ཆེད༌དུ། ཀུན་དབང་དཀོན་མཆོག་གིས་མི་དེའི་མདུན་དུ་ཁྱོད་ཅག་ལ་སྙིང་རྗེས་གཟིགས་པར༌མཁྱེན། གལ་ཏེ་བདག་གི་བུ་གཉིས་ཀ་འཆི་བར་གྱུར་ན་འཆི་རུ་བཅུག་ཅེས་སྨྲས༌སོ།།
15 དེ་ནས་ཁོ་རྣམས་ཀྱིས་ལེགས་སྐྱེས་དང་དངུལ་སྒོར་ལྡབ་གཉིས་བཟུང་ཞིང་པེན་ཡཱ་མེན་ཁྲིད་ནས་ཨེ་ཅིབ་ཡུལ་གྱི་ཡོ་སེབ་དྲུང་དུ་སོང༌ངོ༌།།
16 དེ་ཡང་ཡོ་སེབ་ཀྱིས་པེན་ཡཱ་མེན་ཁོ་རྣམས་དང་མཉམ་དུ་ཡོང་བ་མཐོང་སྟེ་རང་གི་ཁྱིམ་ལས་གཉེར་མཁན་ལ་འདི༌ལྟར། མི་འདི་རྣམས་ཁང་པའི་ནང་དུ་ཁྲིད༌ཅིག ཕྱུགས་ཤ་ཤེད་ཅན་ཞིག་བཤས་ནས་སྤྲོ་སྟོན་ལ་སྟ་གོན་བྱེད་པར༌གྱིས། ཅིའི་ཕྱིར་ཞེ༌ན། བདག་གིས་མི་འདི་རྣམས་དང་མཉམ་དུ་གུང་ཚིགས་འཐུང་བའི་ཕྱིར་ཡིན་ཞེས་སྨྲས་པ༌དང༌། 17 ཁྱིམ་ལས་གཉེར་མཁན་གྱིས་ཀྱང་ཡོ་སེབ་ཀྱི་བཀའ་ལྟར་ཁོ་རྣམས་ཡོ་སེབ་ཀྱི་ཁང་པའི་ནང་དུ༌ཁྲིད། 18 དེ་ཡང་ཡོ་སེབ་ཀྱི་ཁང་པའི་ནང་དུ་ཁྲིད་པས་ཁོ་རྣམས་འཇིགས་ཏེ་འདི༌ལྟར། ངེད་ཅག་འདིར་ཁྲིད་ཡོང་བ་ནི་ཐེངས་དང་པོར་འབྲུ་རིགས་ཉོ་རུ་ཡོང་བའི་དུས༌སུ། སྒྱེ་མོའི་ནང་དུ་དངུལ་སྒོར་བཞག་ཡོད་པའི་ཕྱིར་ཡིན་ངེས༌ཤིང༌། བསམ་བཞིན་ངེད་ཅག་ལ་བསྙོན་བཙུགས་ཏེ་གནོད་འཚེ་བྱེད་པ༌དང༌། བཙན་གྱིས་ངེད་རྣམས་བྲན་གཡོག་ཏུ་འགོད༌པ། ངེད་ཅག་གི་བོང་བུའང་འཕྲོག་པར་རྩོམ་པ་རེད་ཅེས་སྨྲས༌སོ།། 19 དེ་ནས་ཁོ་རྣམས་ཡོ་སེབ་ཀྱི་ཁྱིམ་ལས་གཉེར་མཁན་གྱི་གམ་དུ་བཅར་ཏེ་ཁང་པའི་སྒོ་འགྲམ་དུ་འདི༌ལྟར། 20 བདག་པོ༌ལགས། ངེད་ཅག་ཐེངས་དང་པོར་དངོས་གནས་འབྲུ་རིགས་ཉོ་རུ་ཡོང་བ༌དང༌། 21 ཕྱིས་སུ་ལམ་བར་ནས་ཞག་སྡོད་བྱེད་སར་སྒྱེ་མོའི་ཁ་ཕྱེས་པ་ན། མི་རེ་རེའི་དངུལ་སྒོར་མང་ཉུང་མེད་པར་ད་དུང་སྒྱེ་མོའི་ནང་དུ་ཡོད༌ལ། ད་ལྟ་ངེད་ཅག་གིས་ཕྱིར་ཁྱེར་ཡོང༌ངོ༌།། 22 ཐེངས་འདིར་ཡང་དངུལ་སྒོར་བཟུང་ནས་འབྲུ་རིགས་ཉོ་རུ་ཡོང་བ༌ཡིན། འོན་ཀྱང་ཐེངས་སྔ་མར་ངེད་ཅག་གི་སྒྱེ་མོའི་ནང་དུ་དངུལ་སྒོར་འཇོག་མཁན་སུ་ཡིན་མི་ཤེས་ཞེས་སྨྲས༌སོ།། 23 ཁྱིམ་ལས་གཉེར་མཁན་ན༌རེ། ཁྱོད་ཅག་གི་སེམས་བདེ་བར༌གྱིས། འཇིགས་མི༌དགོས། དེ་ནི་ཁྱོད་ཅག་དང་ཁྱོད་རྣམས་ཀྱི་ཕ་ཡི་དཀོན་མཆོག་གིས་རྒྱུ་ནོར་དེ་དག་སྒྱེ་མོའི་ནང་དུ་བཞག་པ༌ཡིན། ཁྱོད་ཅག་གི་དངུལ་སྒོར་བདག་གིས་སྔ་མོ་ནས་བླངས་ཟིན་ཞེས་སྨྲས་པ༌དང༌། སི་མུ་ཨོན་ཁྲིད་ཡོང་ནས་ཁོ་རྣམས་ལ༌སྤྲད། 24 དེ་ནས་ཁོ་རྣམས་ཁང་པའི་ནང་དུ་ཁྲིད་པ་དང་རྐང་པ་བཀྲུ་བྱེད་ཀྱི་ཆུ་བླུགས༌ཤིང༌། བོང་བུ་དག་ལ་རྩྭའང་བྱིན༌ཏོ།། 25 ཁོ་རྣམས་ཀྱིས་ལེགས་སྐྱེས་གྲ་སྒྲིག་བྱེད་ཀྱིན་ཡོ་སེབ་གུང་ཚིགས་བཞེས་སུ་ཡོང་བར་སྒུག་པ༌སྟེ། ཡོ་སེབ་ཀྱིས་ཁོ་རྣམས་དང་མཉམ་དུ་གུང་ཚིགས་བཞེས་ངེས་པ་ཐོས་པའི་ཕྱིར༌རོ།།
26 དེ་ནས་ཡོ་སེབ་ཁྱིམ་དུ་ལོག་པ༌ན། ཁོ་རྣམས་ཀྱིས་ཡོ་སེབ་ལ་ལེགས་སྐྱེས་ཕུལ་བ་དང་ཕྱག་བཙལ༌ཏོ།། 27 ཡོ་སེབ་ཀྱིས་ཀྱང་ཁོ་རྣམས་ལ་འཚམས་འདྲི་བྱས་ཤིང་ན༌རེ། ཁྱོད་རྣམས་ཀྱིས་བརྗོད་པའི་ཕ་ནི༌བདེའམ། ཁོང་ད་དུང་བཞུགས་ལགས་སམ་ཞེས་དྲིས་པ༌ན། 28 ཁོ་རྣམས་ན༌རེ། ཁྱེད་ཀྱི་ཞབས་ཕྱི་པ་སྟེ་ངེད་ཅག་གི་ཕ་ནི་བདེ་བར་བཞུགས་པ་ཡིན་ཞེས་སྨྲས་པ་དང་གུས་པས་ཕྱག་བཙལ༌ཏོ།།
29 དེ་ནས་ཡོ་སེབ་ཀྱིས་མགོ་ཡར་བཀྱགས་ནས་བལྟས་པ༌ན། རང་ཉིད་ཀྱི་མ་གཅིག་གི་སྤུན་པེན་ཡཱ་མེན་མཐོང་སྟེ་འདི༌ལྟར། ཁྱོད་རྣམས་ཀྱིས་དེ་སྔར་བདག་ལ་བརྗོད་པའི་སྤུན་ཆེས་ཆུང་བ་ཞེས་པ་ཁོ་རང་ཡིན་ནམ་ཞེས་དྲིས་པ༌དང༌། ཡང་ཁོ་ན༌རེ། བདག་གི༌བུ། དཀོན་མཆོག་གིས་ཁྱོད་ལ་ཐུགས་རྗེ་གནང་བར་སྨོན་ཞེས་སྨྲས་པ༌དང༌། 30 རང་གི་སྤུན་ལ་བཅངས་པའི་བརྩེ་དུང་ཀུན་ནས་གཡོས༌ཤིང༌། ཁོའི་སེམས་ཁོང་དུ་ངུ་འདོད་པའི་སྣང་བ་ཞིག་སྐྱེས༌ཏེ། མྱུར་དུ་རང་ཉིད་ཀྱི་གཟིམ་ཁང་དུ་སོང་ནས་རབ་ཏུ་ངུས༌སོ།། 31 དེ་ནས་ཁོས་ཁ་ངོ་བཀྲུས་ཤིང་སེམས་སྡུག་གི་བསམ་པ་ནན་གྱིས་གབ་ནས་ཕྱིར་ཐོན་ཏེ་གསོལ་སྟོན་བྱེད་པའི་བཀའ་བསྒོས་པ༌དང༌། 32 ཞབས་ཕྱི་པ་རྣམས་ཀྱིས་ཀྱང་ཡོ་སེབ་ལ་གསོལ་སྟོན་བཤམས༌ཤིང༌། ཁོ་རྣམས་ལའང་གསོལ་སྟོན་བཤམས་པ༌དང༌། ཡང་ཡོ་སེབ་དང་མཉམ་དུ་ཞལ་ཟས་ལ་རོལ་བའི་ཨེ་ཅིབ་ཀྱི་མི་རྣམས་ལའང་གསོལ་སྟོན་བཤམས༌སོ། །ཅིའི་ཕྱིར་ཞེ༌ན། ཨེ་ཅིབ་ཀྱི་མི་རིགས་དང་ཨིབ་རི་པའི་མི་རིགས་གཉིས་ཀྱིས་ལྷན་དུ་ཟས་མི་བཟའ་བའི་ཕྱིར་ཡིན༌ཞིང༌། ཨེ་ཅིབ་མི་རིགས་ཀྱིས་དོན་དེ་ནི་སྐྱུག་བྲོ་བར་སྙམ༌མོ།། 33 དེ་ནས་ཡོ་སེབ་ཀྱིས་རང་གི་མདུན་དུ་སྐྱེས་རིམ་ལྟར་སྤུན་ཟླ་རྣམས་གྲལ་བསྒྲིགས་ནས་འདུག་ཏུ་བཅུག་པ༌ན། སྤུན་ཟླ་རྣམས་ཀྱིས་ཕན་ཚུན་ལ་ལྟ་བཞིན་དོན་དེར་ངོ་མཚར་བར་གྱུར༌ཏོ།། 34 ཡོ་སེབ་ཀྱིས་རང་གི་མདུན་ངོས་ཀྱི་ཟས་རིགས་སོ་སོར་བཀར་ནས་སྤུན་རྣམས་ལ་གནང་དགོས་པའི་བཀའ་ཕབ་པ༌དང༌། པེན་ཡཱ་མེན་ལ་སྤུན་གཞན་ལས་ལྡབ་ལྔ་ཡི་ལྷག་མ་ཐོབ༌ཅིང༌། ཁོ་རྣམས་ཀྱིས་ཡོ་སེབ་དང་ལྷན་དུ་ཆང་དང་སྤྲོ་སྟོན་ལ་རོལ༌ཏོ།།