ལེའུ་རེ་གཅིག་པ།
ཐར་པའི་འཕྲིན་བཟང་སྒྲོག་པ།
1 གཙོ་བོ་ཡ་ཝཱེའི་ཐུགས་ཉིད་ང་ཡི་སྟེང་དུ་བཞུགས་ཏེ། གང་ལ་ཞེ་ན། དབུལ་པོ་རྣམས་ལ་འཕྲིན་བཟང་སྒྲོག་པའི་ཕྱིར་ཁོང་གིས་བདག་ལ་སྣུམ་གྱིས་བྱུགས་ཤིང་བསྐོས་པའོ། །སྡུག་བསྔལ་ཅན་ལ་སེམས་གསོ་བྱེད་པ་དང་། བཙོན་པ་རྣམས་ལ་ཐར་པའི་འཕྲིན་བཟང་བསྒྲག་པ། བཀག་སྡོམ་ཐེབས་པ་རྣམས་ལ་ཐར་པ་བསྒྲག་པ། 2 དཀོན་མཆོག་ཡ་ཝཱེའི་ཐུགས་རྗེའི་གནམ་ལོ་དང་། ང་ཚོའི་དཀོན་མཆོག་གིས་ལན་འཇལ་བའི་ཉིན་མོ་དེ་བསྒྲག་པ་དང་། ཡིད་སྐྱོ་བ་རྣམས་ལ་སེམས་གསོ་གཏོང་བ། 3 ཛ་ཡན་གྱི་སྡུག་གིས་མནར་བཞིན་པ་རྣམས་བརྒྱན་ཏེ། ཁོ་ཚོར་ཐལ་རྡུལ་གྱི་ཚབ་ཏུ་ལ་ཐོད་དང་། མྱ་ངན་གྱི་ཚབ་ཏུ་དགའ་སྤྲོ་ཡི་སྣུམ། སེམས་ཤུགས་ཉམས་པའི་ཚབ་ཏུ་བསྟོད་པའི་གྱོན་ཆས་བཅས་གནང་བར་མངགས་པ་ཡིན། ཁོང་རང་ཉིད་ལ་གཟི་བརྗིད་འཐོབ་པའི་ཕྱིར་དུ། དེ་དག་ལ་དྲང་བདེན་གྱི་བེ་ཤིང་ཞེས་འབོད་ཅིང་། དཀོན་མཆོག་ཡ་ཝཱེ་ཁོང་གིས་སྐུ་དངོས་སུ་བཙུགས་པ་ཡིན། 4 དེ་དག་གིས་གནའ་བོའི་ཞིག་རོ་རྣམས་བརྩིགས་ཤིང་སྔོན་ཆད་རྩ་གཏོར་བཏང་བ་རྣམས་ཡར་བཞེངས་ཏེ། མི་རབས་མང་པོར་ཞིག་རོར་ལུས་པའི་གྲོང་ཁྱེར་རྣམས་སླར་གསོ་བར་བྱའོ། །
5 དུས་དེར་ཕྱི་ཕྱོགས་པ་རྣམས་ཀྱིས་ཁྱོད་ཚོར་ཞབས་ཕྱི་བསྒྲུབས་ཏེ། ཁྱོད་རྣམས་ཀྱི་ལུག་ཁྱུ་འཚོ་ཞིང་། ཕྱི་ཕྱོགས་པ་རྣམས་ཁྱོད་ཅག་གི་ཞིང་པ་དང་རྒུན་ཚལ་བདག་གཉེར་བྱེད་མཁན་དུ་འགྱུར་རོ། ། 6 ཡང་ཁྱོད་ཅག་ནི་དཀོན་མཆོག་ཡ་ཝཱེའི་མཆོད་དཔོན་དུ་འབོད་པར་འགྱུར་ཏེ། མི་རྣམས་ཀྱིས་ཁྱོད་ཅག་ལ་ང་ཚོའི་དཀོན་མཆོག་གི་ཞབས་ཕྱི་ཞེས་འབོད་ཅིང་། ཁྱོད་ཚོས་རྒྱལ་ཕྲན་ཀུན་གྱི་རྒྱུ་ནོར་སྤྱོད་ཅིང་། དེ་དག་གི་གཟི་བརྗིད་ནང་དུ་ཁྱོད་ཅག་གིས་ངོམ་ཟིལ་སྟོན་ནོ། ། 7 ཁྱོད་ཅག་ལ་ཐེབས་པའི་ངོ་ཚའི་ཚབ་ཏུ་ནོར་སྐལ་ལྡབ་གཉིས་འཐོབ་ཅིང་། ངོ་ཚའི་ཚབ་ཏུ་དེ་དག་གིས་རང་ལ་ཐོབ་པའི་ནོར་སྐལ་གྱི་ཕྱིར་དགའ་འབོད་བྱེད་པས། དེ་དག་ལ་རང་ཡུལ་ནས་ནོར་སྐལ་ལྡབ་གཉིས་འཐོབ་ཅིང་། རྟག་ཏུ་དགའ་བར་འགྱུར།
8 དེའི་རྒྱུ་མཚན་དཀོན་མཆོག་ཡ་ཝཱེ་བདག་ནི་དྲང་པོར་དགའ་བ་ལས་དྲང་བདེན་མིན་པའི་འཕྲོག་བཅོམ་ལ་སྡང་བ་ཡིན། བདག་གིས་བདེན་ལུགས་ཀྱིས་དེ་དག་ལ་རྔན་པ་གནང་ཞིང་། དེ་དག་དང་དུས་གཏན་གྱི་ཁ་ཆད་འཇོག་པར་བྱ། 9 དེ་དག་གི་བུ་རྒྱུད་རྣམས་རྒྱལ་ཕྲན་དག་གི་དབུས་ནས་ངོ་ཤེས་པར་འགྱུར་ལ། དེ་དག་གི་བུ་རབས་ཚ་རྒྱུད་རྣམས་མི་རིགས་ཀུན་གྱི་ནང་དུའང་དེ་བཞིན་ནོ། །ཁོ་ཚོ་མཐོང་མཁན་ཚང་མས་དེ་དག་དཀོན་མཆོག་ཡ་ཝཱེས་བྱིན་གྱིས་བརླབས་པའི་བུ་རྒྱུད་ཡིན་པ་ཁས་ལེན་པར་འགྱུར།
10 ང་རང་དཀོན་མཆོག་ཡ་ཝཱེའི་རྐྱེན་གྱིས་རབ་ཏུ་སྤྲོ་ཞིང་། བདག་གི་སེམས་རང་གི་དཀོན་མཆོག་ལ་བརྟེན་ནས་ཤིན་ཏུ་དགའོ། །ཅིའི་ཕྱིར་ཞེ་ན། མག་གསར་གྱིས་ལ་ཐོད་དཀྲི་བ་དང་། བག་གསར་གྱིས་རྒྱན་ཆ་འདོགས་པ་བཞིན། ཁོང་གིས་ང་ལ་ཐར་པའི་གོས་གྱོན་ཞིང་། དྲང་བདེན་གྱི་ཕྱི་ལྭ་ང་ལ་བསྐོན་པར་མཛད། 11 ས་གཞིས་རང་ལ་མྱུ་གུ་འབུ་བར་བྱེད་ཅིང་། སྐྱེད་མོས་ཚལ་གྱིས་དེའི་ནང་དུ་བཏབ་པ་རྣམས་སྐྱེ་རུ་འཇུག་པ་ལྟར། གཙོ་བོ་ཡ་ཝཱེས་ཀྱང་རྒྱལ་ཕྲན་ཀུན་གྱི་མདུན་དུ་དྲང་བདེན་དང་བསྟོད་བསྔགས་བསྐྱེད་པར་བྱའོ། །