ལེའུ་རེ་གཉིས་པ།
ཛ་ཡན་གྱི་ཐར་ལམ།
ཛ་ཡན་གྱི་དྲང་བདེན་འོད་ཟེར་བཞིན་འཕྲོ་ཞིང་། ཡེ་རུ་སཱ་ལེམ་གྱི་ཐར་པ་དཔལ་འབར་བཞིན་མ་སྒྲོན་པའི་བར་དུ། ཛ་ཡན་གྱི་ཕྱིར་དུ་བདག་ཁུ་སིམ་མེར་མི་འདུག་ལ། ཡེ་རུ་སཱ་ལེམ་གྱི་ཕྱིར་དུ་བདག་གྲགས་མེད་དུའང་སྡོད་པར་མི་བྱའོ། ། རྒྱལ་ཕྲན་རྣམས་ཀྱིས་ཁྱོད་ཀྱི་དྲང་བདེན་དང་། རྒྱལ་པོ་ཀུན་གྱིས་ཁྱོད་ཀྱི་གཟི་བརྗིད་མཐོང་བར་འགྱུར། དེ་ནས་ཁྱོད་ལ་དཀོན་མཆོག་ཡ་ཝཱེའི་ཞལ་ནས་བཏགས་པའི་མིང་གསར་པ་ཞིག་གིས་མི་ཡིས་འབོད་ངེས་ཡིན། ཁྱོད་རང་དཀོན་མཆོག་ཡ་ཝཱེའི་ཕྱག་གི་དབུ་རྒྱན་དང་། རང་གི་དཀོན་མཆོག་ཕྱག་གི་རྒྱལ་པོའི་གཙུག་རྒྱན་དུ་འགྱུར་ངེས། ད་ནི་ཁྱོད་རང་གཞན་གྱིས་དོར་བ་ཡིན་ཞེས་མི་ཟེར་ལ། ཁྱོད་ཀྱི་ཡུལ་ལའང་དབེན་སྟོང་ཞེས་མི་འབོད་དེ། ཁྱོད་ནི་ང་རང་ཁོ་མོར་དགའ་བ་ཡིན་ཞེས་དང་། ཁྱོད་ཀྱི་ཡུལ་ལ་བཟའ་ཟླ་ཅན་ཞེས་འབོད་ངེས་ཡིན། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེ་ཁྱོད་ལ་ཐུགས་དགྱེས་ཤིང་། ཁྱོད་ཀྱི་ཡུལ་ནི་བཟའ་ཟླ་དང་ལྡན་པར་འགྱུར། གཞོན་ནུ་ཞིག་གིས་ན་ཆུང་བུ་མོ་ཞིག་ལེན་པ་བཞིན། ཁྱོད་ཀྱི་བུ་རྣམས་ཀྱིས་ཀྱང་དེ་བཞིན་ཁྱོད་ལེན་ཞིང་། མག་གསར་བག་མར་དགའ་བ་ཇི་བཞིན། ཁྱོད་ཀྱི་དཀོན་མཆོག་ཀྱང་དེ་བཞིན་ཁྱོད་ལ་ཐུགས་མཉེས་པར་འགྱུར་རོ། །
ཀྱེ་ཡེ་རུ་སཱ་ལེམ། བདག་གིས་ཁྱོད་ཀྱི་ལྕགས་རིའི་སྟེང་དུ་སོ་པ་བཞག་ཅིང་། ཁོ་ཚོ་ཉིན་མཚན་ཀུན་ཏུ་ཁུ་སིམ་མེར་མི་འདུག དཀོན་མཆོག་ཡ་ཝཱེའི་མཚན་ནས་འབོད་པ་ཁྱོད་ཅག་ཀྱང་ངལ་གསོ་བར་མི་བྱའོ། ། དཀོན་མཆོག་གིས་ཡེ་རུ་སཱ་ལེམ་བསྐྲུན་ནས་དེ་ས་སྟེང་དུ་བསྟོད་པའི་ཡུལ་དུ་འགྱུར་བའི་བར་དུ། ཁྱོད་རྣམས་ཀྱིས་ཁོང་ཉིད་ངལ་གསོ་བར་མ་འཇུག་ཅིག དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་ཕྱག་གཡས་པ་དང་དཔུང་པ་སྟོབས་པོ་ཆེ་དཔང་དུ་བཙུགས་ནས་འདི་སྐད་དུ། ཕྱིན་ཆད་ཁྱོད་ཀྱི་འབྲུ་རིགས་རྣམས་དགྲ་བོའི་ཟས་སུ་མི་སྦྱིན་ལ། ཁྱོད་ཀྱི་རྩོལ་བ་ལས་ཐོབ་པའི་རྒུན་ཆང་ཡང་ཕྱི་ཕྱོགས་པ་རྣམས་ལ་བཏུང་བར་མི་བྱ་སྟེ། འབྲུ་རིགས་སྡུད་མཁན་ཁོ་ནས་དེ་སྤྱོད་ཅིང་། དཀོན་མཆོག་ཡ་ཝཱེ་ལ་བསྟོད་བསྔགས་བརྗོད་ངེས་ཡིན། དེ་དག་སྡུད་མཁན་རྣམས་ཀྱིས་བདག་གི་གནས་དམ་པའི་ཁྱམས་ར་ནས་དེ་བཏུང་བར་བྱའོ་ཞེས་གསུངས་སོ། །
10 ཁྱོད་རྣམས་སོང་ཞིག མཁར་སྒོ་བརྒྱུད་ནས་སོང་ཞིག མི་རྣམས་ལ་གཞུང་ལམ་གྲ་སྒྲིག་བྱོས་དང་། ཁྱོད་རྣམས་ཀྱིས་ཡར་སྙོམས་ཤིག ལམ་ཆེན་ཡར་སྙོམས་ཤིག རྡོ་རྣམས་ཐུས་ཤིག མི་རིགས་ཀུན་གྱི་ཕྱིར་དུ་དར་ཆེན་སྒྲེངས་ཤོག 11 ལྟོས་ཤིག དཀོན་མཆོག་ཡ་ཝཱེས་ས་མཐའི་བར་དུ་བསྒྲགས་ཏེ་འདི་སྐད་དུ། ཁྱོད་ཅག་གིས་ཛ་ཡན་གྱི་བུ་མོ་ལ། ལྟོས་དང་། ཁྱོད་རང་སྐྱོབ་མཁན་སླེབས་བཞིན་གདའ། ཁོང་གིས་མི་ལ་གནང་བའི་གསོལ་རས་ཁོང་དང་མཉམ་དུ་ཡོད་དེ། ཁོང་གིས་མི་ལ་འཇལ་བའི་ལན་ཡང་ཁོང་གི་དྲུང་དུ་མཆིས་སོ་ཞེས་ཤོད་ཅིག་གསུངས་སོ། ། 12 དེ་ནས་ཁོ་ཚོར་དམ་པའི་མི་སྡེ་དང་། དཀོན་མཆོག་ཡ་ཝཱེས་བླུས་པའི་མི་རྣམས་ཞེས་འབོད་པ་དང་། ཁྱོད་ལའང་ཡིད་སྨོན་འཆོར་ས་དང་། འདོར་བར་མི་བྱ་བའི་གྲོང་ཁྱེར་ཞེས་འབོད་པར་འགྱུར་རོ། །