ལེའུ་རེ་གསུམ་པ།
དཀོན་མཆོག་གི་འཁོན་ལན་སློག་པ་དང་ཐར་པ་གནང་བའི་ཉིན་མོ།
1 མཚལ་མདོག་གི་ན་བཟའ་སྐུ་ལ་གསོལ་ཏེ། རྒྱན་གྱིས་སྤྲས་ཏེ་མཐུ་སྟོབས་ཆེན་པོས་ཨེ་དོམ་ཕྱོགས་ནས་ཕེབས་ཤིང་། པོ་ཚ་རཱ་ནས་འབྱོན་འོང་བ་དེ་སུ་ཡིན་ནམ། དེ་ནི་དྲང་བདེན་གྱི་སྒོ་ནས་གཏམ་འཆད་ཀྱིན་ཐར་པའི་མཐུ་སྟོབས་རྫོགས་པ་ང་རང་ཡིན་ནོ། །
2 ཁྱེད་ཀྱི་ན་བཟའ་དམར་ཞིང་། གྱོན་པ་ནི་རྒུན་འབྲུམ་འཚིར་གཞོང་ལས་རྒུན་འབྲུམ་འཚིར་གནོན་བྱེད་མཁན་གྱི་ལྭ་བ་དང་མཚུངས་པ་ཅི་ཡིན་ནམ། 3 ང་གཅིག་པུས་རྒུན་འབྲུམ་འཚིར་གཞོང་ནང་དུ་རྐང་པས་བརྫིས་ཤིང་། མི་རྣམས་ཀྱི་ཁྲོད་དུ་ང་དང་མཉམ་དུ་འདུག་མཁན་གཅིག་ཀྱང་མེད་དེ། བདག་གིས་ཁོང་ཁྲོ་དང་བཅས་དེ་དག་ལ་རྡོག་བརྫིས་བརྒྱབ་ཅིང་། ཁྲོ་གཏུམ་དྲག་པོས་དེ་དག་རྐང་བརྫིས་བཏང་། དེ་དག་གི་ཁྲག་བདག་གི་གྱོན་གོས་སྟེང་དུ་གཏོར་ནས། བདག་གིས་རང་གི་གོས་ཐམས་ཅད་བཙོག་པར་བཟོས། 4 གང་ལ་ཞེ་ན། འཁོན་ལན་སློག་པའི་ཉིན་མོ་དེ་ངའི་སེམས་སུ་ཡོད་ཅིང་། བདག་གིས་སྐྱོབ་པའི་ལོ་ནི་སླེབས་པ་ཡིན། 5 བདག་གིས་བལྟས་ཀྱང་གྲོགས་བྱེད་མཁན་གཅིག་ཀྱང་མི་འདུག རོགས་སྐྱོར་བྱེད་མཁན་ཡང་མ་བྱུང་བས་ང་ཧ་ལས་པར་གྱུར། དེ་བས་བདག་གི་ལག་ངར་གྱིས་བདག་ལ་ཐར་པ་དྲངས་ཤིང་། བདག་གི་ཁྲོ་བས་བདག་སྐྱོར་པ་ཡིན། 6 བདག་གིས་རང་གི་ཁོང་ཁྲོ་དང་བཅས་མི་རིགས་ཀུན་ལ་རྡོག་བརྫིས་བཏང་ཤིང་། བདག་གི་ཁྲོ་གཏུམ་ནང་ནས་དེ་དག་བཟི་རུ་བཅུག་སྟེ། དེ་དག་གི་ཁྲག་ནི་ས་རུ་གཏོར་ཏོ། །
བསྟོད་པ་དང་གསོལ་འདེབས།
7 ངས་དཀོན་མཆོག་ཡ་ཝཱེས་ང་ཚོའི་ཕྱིར་དུ་མཛད་པའི་དོན་ཐམས་ཅད་བཞིན་ཁོང་གི་བྱམས་བརྩེ་དང་། ཁོང་གི་བསྟོད་པར་འོས་པའི་དོན་རྣམས་དང་། ཁོང་གིས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལ་གནང་བའི་བྱིན་རླབས་ཏེ། ཉིད་ཀྱི་ཐུགས་རྗེ་དང་ཕུན་སུམ་ཚོགས་པའི་བྱམས་བརྩེ་ཡིས་དེ་དག་གི་ཕྱིར་དུ་མཛད་པ་རྣམས་བརྗོད་པར་བྱའོ། ། 8 སྔར་ཁོང་གིས་འདི་སྐད་དུ། དེ་དག་ནི་བདག་གི་མི་སྡེ་དང་རྫུན་མི་བཟོ་བའི་བུ་རྒྱུད་ངོ་མ་ཡིན་ཞེས་གསུངས་པས། དེ་དག་གི་དཀའ་སྡུག་ཐམས་ཅད་ཀྱི་ཁྲོད་དུ་ཁོང་ནི་དེ་དག་གི་སྐྱབས་མགོན་དུ་གྱུར་ཏོ། ། 9 ཁོང་ནི་དེ་དག་གི་དགྲ་རུ་ལང་མཁན་མ་ཡིན་ཞིང་། ཁོང་གི་སྤྱན་སྔའི་ཕོ་ཉ་རྣམས་ཀྱིས་དེ་དག་བསྐྱབས་ཏེ། ཁོང་གིས་ཉིད་ཀྱི་ཐུགས་རྗེ་དང་བྱམས་བརྩེ་ཡིས་དེ་དག་བླུས་ཤིང་། གནའ་བོའི་དུས་ཀུན་ཏུ་ཁོང་གིས་དེ་རྣམས་ཁུར་ནས་པང་དུ་བཟུང་ངོ་། །
10 འོན་ཀྱང་དེ་དག་གིས་གྱེན་ལོག་བྱས་ཏེ་ཁོང་གི་དམ་པའི་ཐུགས་ཉིད་སྡུག་ལ་སྦྱར་བས། ཁོང་དེ་དག་གི་དགྲ་རུ་ལངས་ནས་སྐུ་དངོས་སུ་དེ་དག་ལ་གཡུལ་བཤམས་པ་ཡིན། 11 སྐབས་དེར་ཁོ་ཚོས་གནའ་བོའི་དུས་ཏེ། མོ་ཤེ་དང་དེའི་འབངས་མི་ཡི་དུས་ཡིད་ལ་དྲན་ཏེ་ན་རེ། འབངས་དང་ཉིད་ཀྱི་ལུག་ཁྱུའི་རྫི་བོ་རྣམས་རྒྱ་མཚོའི་ཕ་རོལ་ཏུ་ཁྲིད་ཡོང་མཁན་དེ་གང་དུ་བཞུགས་སམ། དེ་དག་གི་དབུས་སུ་ཉིད་ཀྱི་ཐུགས་ཉིད་འབབ་ཏུ་འཇུག་མཁན་ཁོང་ཉིད་གང་དུ་བཞུགས་ཡོད་དམ། 12 ཉིད་ཀྱི་གཟི་བརྗིད་ལྡན་པའི་ཕྱག་ངར་མོ་ཤེའི་གཡས་ཕྱོགས་སུ་བསྐྱོད་པར་མཛད་མཁན་དང་། དུས་གཏན་གྱི་མཚན་འཐོབ་ཕྱིར་དེ་དག་གི་མདུན་དུ་ཆུ་བོ་ཕྱོགས་གཉིས་སུ་གྱེས་མཁན་དེ་གང་དུ་བཞུགས་སམ། 13 རྟ་རྒོད་ཐང་སྟོང་བརྒྱུད་པ་བཞིན་དེ་དག་རྒྱ་མཚོ་ཟབ་མོའི་ཀློང་ནས་ཁྲིད་དེ། སར་འགྱེལ་དུ་མ་བཅུག་པ་དེ་གང་དུ་བཞུགས་སམ། 14 ལུང་མདོ་རུ་བབས་པའི་ཕྱུགས་ཁྱུ་དང་མཚུངས་པར། དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་ཀྱིས་དེ་དག་ལ་ངལ་གསོ་སྦྱིན། དེ་བས་གཟི་བརྗིད་ཀྱི་མཚན་འཐོབ་ཕྱིར་ཁྱེད་ཀྱིས་རང་གི་མི་རྣམས་དེ་བཞིན་ཁྲིད་པ་ཡིན། 15 ཁྱེད་ཀྱིས་ནམ་མཁའ་ནས་གཟིགས་དང་། ཉིད་ཀྱི་བཞུགས་ཁྲི་དམ་པ་དང་གཟི་བརྗིད་ཆེན་པོའི་གནས་ནས་གཟིགས་སུ་གསོལ། ཁྱེད་ཀྱི་དང་ཞེན་དང་མཐུ་སྟོབས་གང་དུ་ཡོད། ཁྱེད་ཀྱི་དུང་སེམས་དང་སྙིང་རྗེ་ངའི་ཕྱོགས་ནས་ཕྱིར་འཐེན་ནོ། ། 16 ཨབ་ར་ཧམ་གྱིས་ངེད་ཅག་ངོ་མི་ཤེས་ལ། ཡེས་ར་ཨེལ་གྱིས་ངེད་ཅག་ཁས་མི་ལེན་ཡང་། ཁྱེད་ནི་ངེད་ཅག་གི་ཡབ་ཡིན་ནོ། །ཀྱེ་དཀོན་མཆོག་ཡ་ཝཱེ་ལགས་ཁྱེད་ནི་ངེད་ཅག་གི་ཡབ་ཡིན་ལ། གནའ་བོའི་དུས་ནས་བཟུང་ངེད་ཅག་སྐྱོབ་མཁན་ཞེས་པ་ཁྱེད་ཀྱི་མཚན་ཡིན་ནོ། ། 17 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ཅིའི་ཕྱིར་ངེད་རྣམས་ལོག་ལམ་དུ་འགྲོ་བར་གནང་སྟེ། ཁྱེད་ཀྱི་ལམ་དང་འབྲལ་དུ་བཅུག་གམ། ཡང་ངེད་ཅག་གི་བློ་གྱོང་པོར་བྱས་ཤིང་ཁྱེད་ལ་མི་གུས་མི་འཇིགས་པར་མཛད་པ་ཅི་ཡིན་ནམ། ཁྱེད་ཀྱི་ཞབས་ཕྱི་རྣམས་དང་། ནོར་སྐལ་གྱི་ཚོ་ཁག་སོ་སོའི་ཕྱིར་དུ་ཁྱེད་ཉིད་ཚུར་འཁོར་བར་མཛོད། 18 ཁྱེད་ཀྱི་འབངས་མི་དམ་པར་རེ་ཞིག་ཁྱེད་ཀྱི་གནས་ཐོབ་ཅིང་། བདག་ཅག་གི་དགྲ་བོས་ཁྱེད་ཀྱི་གནས་མཆོག་ལ་རྡོག་བརྫིས་བཏང་ངོ་། ། 19 ངེད་ཅག་ནི་ཁྱེད་ཀྱིས་ནམ་ཡང་དབང་བསྒྱུར་མ་མྱོང་བ་དང་། ཁྱེད་ཀྱི་མཚན་ལ་གཏོགས་པའི་མི་ཞེས་འབོད་མྱོང་མེད་པ་ལྟ་བུར་གྱུར་ཏོ། །