ལེའུ་ཉེར་གསུམ་པ།
ཨེས་ཡོབ་ཀྱིས་ཨེ་ལི་ཕཱ་སི་ལ་ལན་གསུངས་པ།
1 དེ་ནས་ཨེས་ཡོབ་ཀྱིས་ལན་བཏབ་ནས་སྨྲས་པ། 2 ད་ལྟ་བདག་གི་སྡུག་སྐད་ལུགས་འགལ་ཡིན། ། བཀའ་བཀྱོན་མཛད་པ་འཁུན་སྒྲ་ལས་ཀྱང་ལྕི། ། 3 བདག་གིས་ཁོང་གི་བཞུགས་གནས་ཤེས་པ་དང་། ། ཁོང་གི་བཞུགས་ཁྲིའི་མདུན་དུ་སླེབས་གྱུར་ཅིག ། 4 བདག་གིས་ཁོང་མདུན་དོན་རྣམས་གསལ་པོར་ཞུ། ། རྩོད་པའི་ཚིག་གིས་སྨྲ་སྒོ་འགེང་བར་བྱ། ། 5 ཁོང་གིས་བཀའ་ལན་ཅི་གནང་ངས་རྟོགས་ཤིང་། ། ཁོང་གིས་ཅི་གསུང་བདག་གིས་ཤེས་པར་འདོད། ། 6 ཁོང་གིས་ཉིད་ཀྱི་ནུས་མཐུ་ཆེན་པོ་ཡིས། ། བདག་ལ་རྒོལ་ལམ་ཞེ་ན་མི་རྒོལ་ཏེ། ། ཁོང་གིས་བདག་ལ་གཟིགས་སྐྱོང་གནང་ངེས་ཡིན། ། 7 གནས་དེར་སེམས་རྒྱུད་དྲང་པོ་ཁོང་དང་རྩོད་རུང་སྟེ། ། ང་རང་ཁྲིམས་ཐག་གཅོད་མཁན་ཁོང་ལས་ཐར་བར་འགྱུར། ། 8 ང་རང་མདུན་དུ་སོང་ཡང་ཁོང་མི་བཞུགས། ། ཕྱིར་བསྣུར་སྟེག་ཀྱང་ཁོང་ཉིད་རྙེད་པ་མིན། ། 9 ཁོང་གིས་གཡོན་ཕྱོགས་འཕྲིན་ལས་མཛད་ན་ཡང་། ། བདག་གིས་ཁོང་ཉིད་མཇལ་བར་མ་གྱུར་ལ། ། ཁོང་ཉིད་གཡས་ཕྱོགས་འཁོར་བར་གྱུར་ན་ཡང་། ། བདག་གིས་ཁོང་ནི་མཇལ་བར་མ་གྱུར་ཏོ། ། 10 འོན་ཀྱང་བདག་གི་བགྲོད་ལམ་ཁོང་གིས་མཁྱེན། ། ཚོད་བགམ་མཛད་རྗེས་གསེར་ལྟར་བདག་འཐོན་འོང་། ། 11 བདག་གི་རྐང་པ་ཁོང་གི་ཞབས་རྗེས་འབྲང་། ། ཁོང་གི་གཤེགས་ལམ་བསྲུངས་ནས་བདག་མ་གཟུར། ། 12 ཁོང་གི་ཞལ་གྱི་བཀའ་ལ་བདག་མ་འགལ། ། ཟས་སྐལ་ལས་ཀྱང་ཁོང་གི་གསུང་ལ་ཆགས། ། 13 ཡིན་ཡང་ཁོང་ཉིད་གཅིག་པུ་དཀོན་མཆོག་ལགས། ། ཁོང་གི་ཐུགས་དགོངས་སུ་ཡིས་བཟློག་ནུས་སམ། ། ཅི་ལ་དགྱེས་ན་དེ་ལྟར་མཛད་པར་འགྱུར། ། 14 བདག་ལ་ཐུགས་ཐག་བཅད་པ་ཁོང་གིས་བསྒྲུབ། ། དེ་འདྲའི་དོན་རྣམས་ཁོང་ལ་མོད་པོ་ཡོད། ། 15 དེ་བས་ང་རང་ཁོང་དྲུང་འཇིགས་པ་དང་། ། བདག་གིས་བསམ་ཞིང་བསམ་བཞིན་ཁོང་ལ་འཇིགས། ། 16 དཀོན་མཆོག་ཉིད་ཀྱིས་ངའི་སེམས་འཁུམས་སུ་བཅུག ། ཀུན་དབང་ཁོང་གིས་ང་རང་དངངས་པར་མཛད། ། 17 སྨག་རུམ་གྱིས་ནི་ང་ཡི་གདོང་བཀབ་ཀྱང་། ། བདག་སེམས་ཕམ་བྱེད་མུན་པ་མ་ཡིན་ནོ། །