ལེའུ་ཉེར་བཞི་པ།
ཀུན་དབང་ཉིད་ཀྱིས་དུས་བཅད་བགོས་ཟིན་ན* འདིར་དུས་བཅད་བགོས་ཞེས་པ་ནི་དཀོན་མཆོག་གིས་ངན་པར་ཁྲིམས་ཆད་གཅོད་པའི་དུས་ཤིག་ཐུགས་ཐག་བཅད་ཡོད་པར་གོ་དགོས།། ། ཁོང་ཉིད་ཤེས་མཁན་རྣམས་ལ་ཉིན་མོ་དེ། ། མཐོང་བར་མི་མཛད་པ་ནི་ཅི་ཡིན་ནམ། ། ངན་པས་རང་གི་ས་མཚམས་ཕར་སྤོས་ནས། ། ཕྱུགས་ཁྱུ་འཕྲོག་ཅིང་འཚོ་སྐྱོང་བྱེད་པ་ཡིན། ། དེ་ཚོས་དྭ་ཕྲུག་རྣམས་ཀྱི་བོང་བུ་འདེད། ། ཡུགས་མོའི་གླང་ནི་འཕྲོག་ཅིང་གཏའ་མར་ལེན། ། དེ་ཚོས་དབུལ་པོ་དྲང་ལམ་ལས་ནི་བཟློག་བྱེད་ཅིང་། ། ས་གཞིའི་ཉམ་ཐག་ཅན་རྣམས་མ་ལུས་ཡིབ་པར་བྱེད། ། དབུལ་པོ་དེ་རྣམས་རྐྱང་ལྟར་ཐང་སྟོང་དུ། ། བརྩོན་པས་ལས་ཀ་བྱེད་ཅིང་ཁ་ཟས་འཚོལ། ། ཐང་སྟོང་ཡུལ་ལ་བརྟེན་ནས་བུ་ཕྲུག་གསོ། ། དེ་ཚོས་གཞན་གྱི་ཞིང་ཁའི་ལོ་ཏོག་བསྡུ། ། སྡིག་སྤྱོད་མི་ཡི་རྒུན་འབྲུམ་ལྷག་མ་འཐོག ། དེ་རྣམས་གོས་མེད་སྒྲེན་མོར་མཚན་གང་ཉལ། ། འཁྱགས་པའི་དུས་སུ་འགེབས་རྒྱུ་ཅི་ཡང་མེད། ། དེ་རྣམས་རི་བོར་དྲག་ཆར་གྱིས་སྦངས་ཏེ། ། གཡོལ་ས་མེད་པས་དེ་རྣམས་བྲག་ལ་བཅར། ། ངན་པས་ཨ་མའི་པང་ནས་དྭ་ཕྲུག་འཕྲོག ། དབུལ་པོའི་གྱོན་གོས་གཏའ་མར་བཙན་གྱིས་ལེན། ། 10 ཉམ་ཐག་ཅན་རྣམས་གཅེར་བུར་གང་སར་འཁྱམས། ། ལྟོགས་སྐོམ་མྱངས་ཏེ་སྟོན་ཁའི་ཚར་ཕོན་ཁུར། ། 11 དེ་ཚོས་ཕྲེང་བར་སྣུམ་བཙགས་ནས། ། འཚིར་གཞོང་ནང་དུ་ཆང་འཚག་ཀྱང་། ། རང་ཉིད་སྔར་བཞིན་སྐོམ་པས་གདུང་། ། 12 འཆི་ཁའི་མི་ཡིས་མཁར་ནང་འཁུན་སྒྲ་འབྱིན། ། རྨས་མ་རྣམས་ཀྱིས་འོ་དོད་བོས་ན་ཡང་། ། དཀོན་མཆོག་ཁོང་གིས་ངན་པའི་དོན་མི་གཟིགས། ། 13 ལ་ལས་འོད་ནི་བསྐྱུར་བ་དང་། ། འོད་ཀྱི་ལམ་ཡང་མི་ཤེས་ཏེ། ། འོད་ལྡན་ལམ་དུ་གནས་མ་གྱུར། ། 14 མི་གསོད་ཐོ་རངས་ལངས་ཏེ་ཉམ་ཐག་དང་། ། རྒྱུ་མེད་གསོད་ཅིང་མཚན་མོར་ཆོམ་རྐུན་བྱེད། ། 15 གཡེམ་པོའི་མིག་གིས་ས་སྲོས་དུས་ལ་སྒུག ། སུས་ཀྱང་ང་རང་མཐོང་བར་མི་འགྱུར་ཟེར། ། རང་གི་ངོ་གདོང་གོས་ཀྱིས་འགེབ་བྱེད་དོ། ། 16 ཆོམ་རྐུན་དག་གིས་མུན་པར་གྱང་རྟོལ་ཞིང་། ། ཉིན་མོའི་དུས་སུ་དེ་དག་ཡིབ་སྡོད་པས། ། ཁོ་ཚོས་འོད་ནི་དངོས་གནས་ཤེས་མ་གྱུར། ། 17 སྨག་རུམ་འཇིགས་པ་ཁོ་ཚོས་ཤེས་པས་ན། ། དེ་ཚོའི་མཐོང་ངོར་སྨག་རུམ་སྐྱ་རེངས་ཡིན། ། 18 མི་ངན་ཆུ་ཁའི་ལྦུ་བ་བཞིན་དུ་ཡལ། ། ས་རུ་ཐོབ་པའི་སྐལ་བར་དམོད་པར་གྱུར། ། སུ་ཡང་རྒུན་ཚལ་ཉེ་སར་བཅར་བ་མེད། ། 19 ཐན་པའི་ཚ་བས་ཁ་བ་ཞུ་བ་བཞིན། ། གཤིན་རྗེའི་ལམ་དུ་སྡིག་ཅན་འདི་ལྟར་འཁྱེར། ། 20 ཁོ་རང་ཆགས་པའི་མངལ་གྱིས་ཁོ་བརྗེད་ཅིང་། ། འབུ་ཡིས་ཁོ་རང་ཞིམ་མངར་ལོངས་སུ་སྤྱོད། ། ཁོ་ལ་མི་ཡིས་རྗེས་དྲན་མི་བྱེད་དེ། ། དྲང་བདེན་མིན་པའི་མི་ནི་ཤིང་ལྟར་ཆག ། 21 མངལ་ནི་མི་ཆགས་བུ་ཡང་མི་སྐྱེས་པའི། ། བུད་མེད་རྣམས་ལ་དེ་ཡིས་འཕྲོག་བཅོམ་བྱེད། ། ཡུགས་མོ་རྣམས་ཀྱང་དྲིན་གྱིས་མི་སྐྱོང་ངོ་། ། 22 ཡིན་ཡང་དཀོན་མཆོག་ཁོང་གིས་ནུས་མཐུ་ཡིས། ། སྟོབས་ཤུགས་ལྡན་པའི་མི་རྣམས་སྲུང་བ་དང་། ། ཚེ་སྲོག་འཆོར་ཉེན་ཡོད་པ་སྔར་བཞིན་དར། ། 23 དཀོན་མཆོག་ཉིད་ཀྱིས་དེ་དག་བདེ་ལ་བཀོད། ། དེ་དག་བརྟེན་ས་དཀོན་མཆོག་ཁོང་ཉིད་གྱུར། ། ཁོང་གི་སྤྱན་གྱིས་དེ་རྣམས་ལམ་ལ་གཟིགས། ། 24 དེ་དག་ཡུད་ཙམ་མཐོ་སར་བཏེགས་ན་ཡང་། ། ཡུན་རིང་མི་གནས་ཡལ་ཞིང་དམན་སར་དབབ། ། ཀུན་ལྟར་དེ་དག་ལམ་ནས་འཁྱེར་བ་དང་། ། འབྲུ་ཡི་སྙེ་མ་བཞིན་དུ་གཅོད་པར་འགྱུར། ། 25 དེ་ལྟར་མིན་ཚེ་སུ་ཡིས་ང་རང་ནི། ། རྫུན་གཏམ་སྨྲ་མཁན་ཡིན་པར་ར་སྤྲོད་བྱེད། ། བདག་གི་གཏམ་ནི་གླེང་རིན་མེད་པར་དགག །

*ལེའུ་ཉེར་བཞི་པ།:1 འདིར་དུས་བཅད་བགོས་ཞེས་པ་ནི་དཀོན་མཆོག་གིས་ངན་པར་ཁྲིམས་ཆད་གཅོད་པའི་དུས་ཤིག་ཐུགས་ཐག་བཅད་ཡོད་པར་གོ་དགོས།