ལེའུ་གཉིས་པ།
འབྲུ་རིགས་ཀྱི་མཆོད་པའི་ཁྲིམས།
1 གལ་སྲིད་མི་ཞིག་གིས་འབྲུ་རིགས་ཀྱི་མཆོད་པ་དཀོན་མཆོག་ཡ་ཝཱེ་ལ་འབུལ་བ་ཡིན་ན། གྲོ་ཞིབ་མཆོད་པར་འབུལ་དགོས་ཤིང་། དེའི་སྟེང་དུ་སྣུམ་ལྡུག་པ་དང་། སྤོས་དཀར་ཡང་དེའི་སྟེང་དུ་བཞག་ནས། 2 ཨ་རོན་གྱི་བུ་མཆོད་དཔོན་ཡིན་པ་རྣམས་ཀྱི་མདུན་དུ་འཁྱེར་དགོས་ལ། མཆོད་དཔོན་གྱིས་གྲོ་ཞིབ་ཁྱོར་བ་གང་ལེན་པ་དང་། ཡང་སྣུམ་ཅུང་ཙམ་དང་སྤོས་དཀར་ཡོངས་རྫོགས་བླངས་ནས། དྲན་རྟེན་དུ་མཆོད་ཁྲིའི་སྟེང་སྦྱིན་སྲེག་གཏོང་དགོས། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དྲི་ཞིམ་མེ་མཆོད་ཡིན་ནོ། ། 3 འབྲུ་རིགས་ཀྱི་ལྷག་མ་རྣམས་ཨ་རོན་དང་ཁོའི་བུ་རྣམས་ལ་དབང་ཞིང་། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་མེ་མཆོད་ཀུན་ལས་དམ་པའི་མཆོག་ཡིན་ནོ། ། 4 གལ་སྲིད་ཐབ་ལ་བསྲེགས་པའི་འབྲུ་རིགས་མཆོད་པར་འབུལ་བ་ཡིན་ན། གྲོ་ཞིབ་ཀྱི་སྐྱུར་མེད་བག་ལེབ་སྣུམ་བསྲེས་མ་དང་། ཡང་ན་སྐྱུར་མེད་གོར་ལེབ་སྲབ་བུ་སྣུམ་བྱུགས་མ་ཡིན་དགོས། 5 གལ་སྲིད་ཁྱོད་ཀྱིས་ལྕགས་སླང་སྟེང་གི་འབྲུ་རིགས་མཆོད་པར་འབུལ་བ་ཡིན་ན། སྣུམ་བསྲེས་པའི་སྐྱུར་མེད་གྲོ་ཞིབ་ཡིན་དགོས་ལ། 6 དུམ་བུར་བགོས་ནས་དེ་ལ་སྣུམ་ལྡུག་དགོས། དེ་ནི་འབྲུ་རིགས་ཀྱི་མཆོད་པ་ཡིན་ནོ། ། 7 གལ་སྲིད་སླ་ངའི་ནང་བསྲེགས་པའི་འབྲུ་རིགས་མཆོད་པར་འབུལ་བ་ཡིན་ན། དེ་ནི་སྣུམ་དང་གྲོ་ཞིབ་ཀྱིས་བཟོ་དགོས། 8 དེ་བཞིན་བཟོས་པའི་འབྲུ་རིགས་ཀྱི་མཆོད་པ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁྱེར་ནས་མཆོད་དཔོན་ལ་སྤྲོད་པ་དང་། མཆོད་དཔོན་གྱིས་མཆོད་ཁྲིའི་མདུན་དུ་འཁྱེར་དགོས་སོ། ། 9 མཆོད་དཔོན་གྱིས་འབྲུ་རིགས་ཀྱི་མཆོད་པ་ལས་དྲན་རྟེན་གྱི་སྐལ་བླངས་ནས་མཆོད་ཁྲིའི་སྟེང་སྦྱིན་སྲེག་གཏོང་དགོས་ཤིང་། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དྲི་ཞིམ་མེ་མཆོད་ཡིན་ནོ། ། 10 འབྲུ་རིགས་ཀྱི་ལྷག་མ་རྣམས་ཨ་རོན་དང་ཁོའི་བུ་རྣམས་ལ་དབང་ཞིང་། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་མེ་མཆོད་ཀུན་ལས་དམ་པའི་མཆོག་ཡིན་ནོ། ། 11 དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་འབྲུ་རིགས་ཀྱི་མཆོད་པ་གང་ཡིན་ཡང་སྐྱུར་རྩི་འདྲེས་མི་རུང་སྟེ། ཁྱོད་རྣམས་ཀྱིས་སྐྱུར་རྩི་དང་སྦྲང་རྩི་གང་ཡིན་ཡང་དེ་བསྲེགས་ནས་དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་དུ་འབུལ་མི་རུང་ངོ་། ། 12 དེ་དག་ཐོག་ཕུད་ཀྱི་མཆོད་པ་རུ་དཀོན་མཆོག་ཡ་ཝཱེ་ལ་ཕུལ་ཆོག་མོད། འོན་ཀྱང་མཆོད་ཁྲིའི་སྟེང་དྲི་ཞིམ་གྱི་མཆོད་པར་འབུལ་མི་རུང་། 13 འབུལ་བའི་འབྲུ་རིགས་ཀྱི་མཆོད་པ་གང་ཡིན་ཡང་དེ་ལ་ཚྭ་འདེབས་དགོས་ཏེ། འབྲུ་རིགས་ཀྱི་མཆོད་པའི་སྟེང་དུ་ཁྱོད་དང་དཀོན་མཆོག་བར་ཞལ་ཆད་བཞག་པའི་ཚྭ་ནི་མེད་མི་རུང་། མཆོད་པ་ཐམས་ཅད་ཀྱི་སྟེང་དུ་ཚྭ་བཏབ་ནས་འབུལ་དགོས་སོ། ། 14 གལ་སྲིད་ལོ་ཏོག་གི་ཕུད་དཀོན་མཆོག་ཡ་ཝཱེ་ལ་འབྲུ་རིགས་ཀྱི་མཆོད་པར་འབུལ་བ་ཡིན་ན། མེ་ལ་བསྲེགས་པའི་སྙེ་མ་གསར་ཐོན་ཏེ། རགས་མོར་བཏགས་པའི་འབྲུ་རིགས་གསར་པ་དེ་ཐོག་ཕུད་ཀྱི་འབྲུ་མཆོད་དུ་འབུལ་དགོས། 15 སྣུམ་དང་སྤོས་དཀར་ཡང་དེའི་སྟེང་དུ་འཇོག་དགོས་ལ། དེ་ནི་འབྲུ་རིགས་ཀྱི་མཆོད་པ་ཡིན་ནོ། ། 16 ཡང་མཆོད་དཔོན་གྱིས་མཆོད་པ་ལས་དྲན་རྟེན་གྱི་སྐལ་ཏེ། རགས་མོར་བཏགས་པའི་འབྲུ་རིགས་གསར་པ་དང་སྣུམ་ཉུང་ཙམ་རེ་དང་། སྤོས་དཀར་ཡོངས་རྫོགས་བཅས་སྦྱིན་སྲེག་གཏོང་བ་དང་། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་མེ་མཆོད་ཡིན་ནོ། །