ལེའུ་གསུམ་པ།
ཞི་བདེའི་མཆོད་པའི་ཁྲིམས།
1 གལ་སྲིད་མི་ཞིག་གིས་ཞི་བདེའི་མཆོད་པ་འབུལ་བ་དང་། བ་ཁྱུ་ལས་འབུལ་ན་ཕོ་ཕྱུགས་མོ་ཕྱུགས་གང་ཡིན་ཡང་སྐྱོན་གྱི་དྲི་མས་མ་གོས་པ་ཞིག་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འབུལ་དགོས་པ་དང་། 2 ཁོས་མཆོད་པར་འབུལ་བྱའི་ཕྱུགས་ཟོག་དེའི་མགོ་ལ་ལག་པ་བཞག་ནས་མཇལ་འཕྲད་གུར་མཆོག་གི་སྒོ་ཁ་རུ་བཤའ་དགོས་ཤིང་། ཨ་རོན་གྱི་བུ་མཆོད་དཔོན་ཡིན་པ་རྣམས་ཀྱིས་དེའི་ཁྲག་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར་དགོས། 3 ཞི་བདེའི་མཆོད་པ་ལས་དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་དུ་འབུལ་དགོས་པ་འདི་ལྟ་སྟེ། ནང་ཁྲོལ་བཏུམས་པའི་ཚིལ་དང་ནང་ཁྲོལ་སྟེང་གི་ཚིལ་ཐམས་ཅད་དང་། 4 མཁལ་མ་གཉིས་དང་དེའི་སྟེང་གི་ཚིལ་ཏེ་མཁལ་མའི་ལོགས་གཉིས་སུ་ཡོད་པའི་ཚིལ་དང་། མཆིན་པའི་རྩ་རྒྱུས་ནི་མཁལ་མ་དང་བཅས་ལེན་པར་བྱའོ། ། 5 དེ་ཡང་ཨ་རོན་གྱི་བུ་རྣམས་ཀྱིས་དེ་རྣམས་མཆོད་ཁྲིའི་སྟེང་གི་མེ་དང་བུད་ཤིང་དང་། སྦྱིན་སྲེག་བཅས་ཀྱི་སྟེང་ལ་བཞག་ནས་སྦར་དགོས་ལ། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དྲི་ཞིམ་མེ་མཆོད་ཡིན་ནོ། ། 6 ཅི་སྟེ་མི་ཞིག་གིས་དཀོན་མཆོག་ཡ་ཝཱེ་ལ་མཆོད་པའི་ཕྱིར་ཞི་བདེའི་མཆོད་པ་འབུལ་བ་དང་། ར་ལུག་གི་ཁྱུ་ལས་འབུལ་བ་ཡིན་ན་ཕོ་ཕྱུགས་མོ་ཕྱུགས་གང་ཡིན་ཡང་། དེ་ནི་སྐྱོན་གྱི་དྲི་མས་མ་གོས་པ་ཞིག་ཡིན་དགོས། 7 གལ་སྲིད་ཁོས་ལུ་གུ་ཞིག་མཆོད་པར་འབུལ་ན་དེ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འབུལ་དགོས་པ་དང་། 8 མཆོད་པར་འབུལ་བྱའི་ཕྱུགས་ཟོག་གི་མགོ་ལ་ལག་པ་བཞག་ནས་མཇལ་འཕྲད་གུར་མཆོག་གི་མདུན་དུ་བཤའ་དགོས་ཤིང་། ཨ་རོན་གྱི་བུ་རྣམས་ཀྱིས་དེའི་ཁྲག་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར་དགོས་སོ། ། 9 དེ་ནས་ཞི་བདེའི་མཆོད་པ་ལས། ཁོས་ཚིལ་བླངས་ནས་དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་དུ་འབུལ་དགོས་པ་འདི་ལྟ་སྟེ། སྒལ་ཚིགས་ནས་བླངས་པའི་རྔ་མ་ཚོན་པོ་ཧྲིལ་པོ་དང་། ནང་ཁྲོལ་བཏུམས་པའི་ཚིལ་དང་ནང་ཁྲོལ་སྟེང་གི་ཚིལ་ཐམས་ཅད་དང་། 10 མཁལ་མ་གཉིས་དང་དེའི་སྟེང་གི་ཚིལ་ཏེ་མཁལ་མའི་ལོགས་གཉིས་སུ་ཡོད་པའི་ཚིལ་དང་། མཆིན་པའི་རྩ་རྒྱུས་ནི་མཁལ་མ་དང་བཅས་ལེན་དགོས་སོ། ། 11 ཡང་མཆོད་དཔོན་གྱིས་དེ་རྣམས་མཆོད་ཁྲིའི་སྟེང་སྦྱིན་སྲེག་གཏོང་དགོས་ལ། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཞལ་ཟས་སུ་ཕུལ་བའི་མེ་མཆོད་ཡིན་ནོ། ། 12 གལ་སྲིད་སུ་ཞིག་གི་མཆོད་པ་ནི་ར་ཞིག་ཡིན་ན། དེ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འབུལ་དགོས་པ་དང་། 13 དེའི་མགོ་ལ་ལག་པ་བཞག་ནས་མཇལ་འཕྲད་གུར་མཆོག་གི་མདུན་དུ་བཤའ་དགོས་པ་དང་། ཨ་རོན་གྱི་བུ་རྣམས་ཀྱིས་དེའི་ཁྲག་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར་དགོས་སོ། ། 14 ཡང་མཆོད་པ་དེ་ལས་དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་འབུལ་དགོས་པ་འདི་ལྟ་སྟེ། ནང་ཁྲོལ་བཏུམས་པའི་ཚིལ་དང་ནང་ཁྲོལ་སྟེང་གི་ཚིལ་ཐམས་ཅད་དང་། 15 མཁལ་མ་གཉིས་དང་དེའི་སྟེང་གི་ཚིལ་ཏེ་མཁལ་མའི་ལོགས་གཉིས་སུ་ཡོད་པའི་ཚིལ་དང་། མཆིན་པའི་རྩ་རྒྱུས་དེ་མཁལ་མ་དང་བཅས་ལེན་དགོས་སོ། ། 16 མཆོད་དཔོན་གྱིས་དེ་དག་དྲི་ཞིམ་མེ་མཆོད་ཀྱི་ཞལ་ཟས་སུ་མཆོད་ཁྲིའི་སྟེང་སྦྱིན་སྲེག་གཏོང་དགོས་ལ། ཚིལ་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་ཡིན་ནོ། ། 17 ཁྱོད་རྣམས་ཀྱི་སྡོད་གནས་ཐམས་ཅད་དུ་ཚིལ་དང་ཁྲག་གང་ཡིན་ཡང་བཟའ་མི་རུང་ལ། དེ་ནི་ཁྱོད་ཅག་མི་རབས་ནས་མི་རབས་བར་དུས་གཏན་གྱི་སྒྲིག་ཁྲིམས་ཡིན་དགོས་ཞེས་པའོ་གསུངས་སོ། །