ལེའུ་དྲུག་པ།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 2 གལ་སྲིད་མི་ཞིག་གིས་སྡིག་པ་བྱས་ནས་དཀོན་མཆོག་ཡ་ཝཱེ་ལ་འགལ་ཏེ། ཁྱིམ་མཚེས་ཀྱིས་ཁོ་ལ་བཅོལ་བའི་དངོས་པོའམ་གཏའ་མའི་སྟེང་གཡོ་སྒྱུའི་སྦྱོར་བ་སྤེལ་བའམ། འཕྲོག་པ། ཁྱིམ་མཚེས་ལ་བརྙས་བཅོས་བྱེད་པ། 3 བོར་དངོས་རྙེད་ཅིང་གཡོ་སྒྱུའི་སྦྱོར་བ་སྤེལ་ནས་མནའ་རྫུན་མ་སྐྱེལ་བ་དང་། མིས་བྱེད་སྲིད་པའི་ལས་གང་ཅིའི་ཐད་ནས་སྡིག་པ་བྱེད་པ་སྟེ། 4 ཁོས་སྡིག་པ་བྱས་ནས་ཉེས་པ་བསགས་ན། ཕྲོགས་ཏེ་ཁྱེར་བའམ་གཞན་ལ་བརྙས་བཅོས་བྱས་ནས་ཐོབ་པ། ཡང་ན་གཞན་གྱིས་ཁོ་ལ་བཅོལ་བ། ཡང་ན་ཁོས་རྙེད་པའི་བོར་དངོས། 5 ཡང་ན་མནའ་རྫུན་མ་བསྐྱལ་ནས་ཐོབ་པའི་དངོས་པོ་བཅས་གང་ཡིན་ཡང་ཕྱིར་སྤྲོད་དགོས་པ་སྟེ། ཁ་ཚང་ཕྱིར་སྤྲོད་དགོས་པར་མ་ཟད་དེའི་ཁར་ལྔ་ཆ་གཅིག་སྣོན་དགོས། ཁོ་ལ་ཉེས་པ་ཡོད་པ་རྩད་ཆོད་པའི་ཉིན་མོར་ལམ་སང་བདག་པོ་ལ་གུན་གསབ་སྤྲོད་དགོས་སོ། ། 6 ཁོས་ལུག་ཁྱུ་ལས་སྐྱོན་མེད་པའི་ལུག་ཐུག་ཅིག་དཀོན་མཆོག་ཡ་ཝཱེ་ལ་ཉེས་སེལ་མཆོད་པ་རུ་འབུལ་དགོས་པའམ། ཡང་ན་ཁྱོད་ཀྱིས་ཚོད་རྩིས་བྱས་པའི་རིན་འབབ་བཞིན་དུ། ཉེས་སེལ་མཆོད་པའི་ཕྱིར་མཆོད་དཔོན་ལ་སྤྲོད་དགོས་ལ། 7 མཆོད་དཔོན་གྱིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁོའི་སྡིག་པ་བཤག་པར་བྱ་ཞིང་། མི་དེས་དོན་གང་ཞིག་བྱས་ནས་ཉེས་པ་བསགས་ནའང་སྡིག་སེལ་འཐོབ་པར་འགྱུར་ཞེས་བཀའ་བསྩལ་ཏོ། །
སྦྱིན་སྲེག་འབུལ་བའི་ཁྲིམས།
8 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 9 ཁྱོད་ཀྱིས་ཨ་རོན་དང་ཁོའི་བུ་རྣམས་ལ་འདི་ལྟར་སྒོས་ཤིག སྦྱིན་སྲེག་གི་བཀའ་ཁྲིམས་ནི་འདི་ལྟ་སྟེ། སྦྱིན་སྲེག་ཏུ་འབུལ་བའི་མཆོད་པ་ནི་མཆོད་ཁྲིའི་སྟེང་ཞོགས་པའི་བར་དུ་མཚན་གང་པོར་འཇོག་དགོས་པ་དང་། མཆོད་ཁྲིའི་སྟེང་གི་མེ་ནི་ཆད་མེད་དུ་སྦར་དགོས། 10 མཆོད་དཔོན་གྱིས་སོ་རས་སྲབ་བུའི་སྟོད་གོས་དང་སྨད་གོས་ལུས་ལ་གྱོན་ནས། སྦྱིན་སྲེག་གི་མཆོད་ཁྲིའི་སྟེང་ལྷག་པའི་ཐལ་བ་བླངས་ནས་མཆོད་ཁྲིའི་ལོགས་སུ་འཇོག་དགོས་ལ། 11 དེ་ནས་གོས་དེ་རྣམས་ཕུད་ནས་གོས་གཞན་དག་གྱོན་པ་དང་། ཐལ་བ་སྒར་ཁའི་ཕྱི་རོལ་གྱི་གནས་གཙང་སར་འཁྱེར་དགོས། 12 ཡང་མཆོད་ཁྲི་སྟེང་གི་མེ་ནི་ཆད་མེད་དུ་འབར་དགོས་ཤིང་ཞི་མི་རུང་། ཉིན་རེའི་ཞོགས་པར་མཆོད་དཔོན་གྱིས་མཆོད་ཁྲིའི་སྟེང་དུ་བུད་ཤིང་སྦར་བ་དང་། དེའི་སྟེང་ཏུ་སྦྱིན་སྲེག་གི་མཆོད་པ་བཤམས་པར་མ་ཟད། ཞི་བདེའི་མཆོད་པའི་ཕྱུགས་ཟོག་གི་ཚིལ་རྣམས་སྦར་དགོས་སོ། ། 13 མཆོད་ཁྲིའི་སྟེང་གི་མེ་ནི་རྒྱུན་ཆད་མེད་པར་འབར་དགོས་ཤིང་ནམ་ཡང་ཞི་མི་རུང་ངོ་། །
འབྲུ་རིགས་ཀྱི་མཆོད་པ་འབུལ་བའི་ཁྲིམས།
14 འབྲུ་རིགས་ཀྱི་མཆོད་པའི་བཀའ་ཁྲིམས་ནི་འདི་ལྟ་སྟེ། ཨ་རོན་གྱི་བུ་རྣམས་ཀྱིས་མཆོད་ཁྲིའི་མདུན་ནས་མཆོད་པ་འདི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འབུལ་དགོས། 15 མཆོད་དཔོན་གྱིས་འབྲུ་རིགས་ལས་གྲོ་ཞིབ་ཁྱོར་བ་གང་ཙམ་ལེན་པ་དང་། སྣུམ་ཉུང་ཙམ་དང་འབྲུ་རིགས་མཆོད་པའི་སྟེང་གི་སྤོས་དཀར་ཐམས་ཅད་བླངས་ནས། དེ་རྣམས་དྲན་རྟེན་གྱི་སྐལ་དུ་མཆོད་ཁྲིའི་སྟེང་སྦར་དགོས་ལ། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དྲི་ཞིམ་མཆོད་པ་ཡིན། 16 ཨ་རོན་དང་ཁོའི་བུ་རྣམས་ཀྱིས་འབྲུ་རིགས་ཀྱི་མཆོད་འཕྲོ་བཟའ་ཞིང་། གནས་དམ་པ་རུ་སྐྱུར་མེད་བག་ལེབ་འདི་བཟའ་དགོས་པ་སྟེ། མཇལ་འཕྲད་གུར་མཆོག་གི་ར་སྐོར་ནང་དུ་བཟའ་དགོས། 17 བསྲེག་གོར་ནང་དུ་སྐྱུར་རྩི་བསྲེ་མི་རུང་སྟེ། དེ་ནི་བདག་ལ་ཕུལ་བའི་མེ་མཆོད་རྣམས་ལས་བདག་གིས་དེ་དག་ལ་སྤྲད་པའི་སྐལ་ཡིན་པ་དང་། སྡིག་བཤགས་མཆོད་པ་དང་ཉེས་སེལ་མཆོད་པ་རྣམས་དང་འདྲ་བར་སྐལ་དེ་ནི་ཀུན་ལས་དམ་པ་ཡིན། 18 ཨ་རོན་གྱི་བུ་རྣམས་ལས་སྐྱེས་པ་ཀུན་གྱིས་དེ་བཟའ་བར་འགྱུར་ཞིང་། རྒྱུ་མཚན་དེ་ནི་མི་རབས་ནས་མི་རབས་བར་ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་མེ་མཆོད་ལས། ཁོ་རྣམས་ལ་ནམ་ཡང་འཐོབ་འོས་པའི་སྐལ་ཡིན། མཆོད་པ་འདི་ལ་རེག་མཁན་ཐམས་ཅད་དམ་པར་འགྱུར་ཞེས་སྨྲ་དགོས་པར་བཀའ་བསྩལ་ཏོ། །
19 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 20 འདི་ནི་ཨ་རོན་ལ་སྣུམ་གྱིས་བྱུག་པའི་ཉིན་མོ་ཡིན་ལ། ཁོ་དང་ཁོའི་བུ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འབུལ་དགོས་པའི་མཆོད་པ་ནི་འདི་ལྟ་སྟེ། ཨེ་ཕཱ་ཡི་བཅུ་ཆ་གཅིག་གི་གྲོ་ཞིབ་ནི་དུས་རྒྱུན་འབུལ་བའི་འབྲུ་རིགས་ཀྱི་མཆོད་པ་བཞིན་འབུལ་བ་དང་། དེའི་ཕྱེད་ཀ་ཞོགས་པ་དང་ཕྱེད་ཀ་དགོང་མོ་འབུལ་དགོས་སོ། ། 21 དེ་ནི་ལྕགས་སླང་ནང་སྣུམ་བསྲེ་དགོས་ལ། བསྲེ་སྦྱོར་ཡག་པོ་བྱས་རྗེས་བསྲེག་དགོས། འབྲུ་རིགས་ཀྱི་མཆོད་པ་བསྲེགས་ནས་ཚོས་པ་ན་དུམ་བུར་བགོས་ཏེ་དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་མཆོད་པར་འབུལ་དགོས་པ་དང་། 22 ཨ་རོན་གྱི་བུ་རྣམས་ལས་མཆོད་དཔོན་དུ་བྱུགས་པ་དེས་འབྲུ་རིགས་ཀྱི་མཆོད་པ་འདི་འབུལ་དགོས་པ་དང་། ཡོངས་རྫོགས་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་གཏོང་དགོས་ལ། དེ་ནི་དུས་གཏན་གྱི་བཀའ་ཁྲིམས་ཡིན། 23 མཆོད་དཔོན་གྱིས་འབྲུ་རིགས་ཀྱི་མཆོད་པ་ཡོངས་རྫོགས་ལྷག་ལུས་མེད་པར་བསྲེག་དགོས་པ་ལས་བཟའ་མི་རུང་ཞེས་བཀའ་བསྩལ་ཏོ། །
སྡིག་བཤགས་མཆོད་པ་འབུལ་བའི་ཁྲིམས།
24 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 25 ཁྱོད་ཀྱིས་ཨ་རོན་དང་ཁོའི་བུ་རྣམས་ལ་འདི་ལྟར་སྒོས་ཤིག སྡིག་བཤགས་མཆོད་པའི་བཀའ་ཁྲིམས་ནི་འདི་ལྟ་སྟེ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་སྦྱིན་སྲེག་གི་ཕྱུགས་ཟོག་བཤའ་སའི་གནས་དེར་སྡིག་བཤགས་མཆོད་པའི་ཕྱུགས་ཟོག་བཤའ་དགོས། དེ་ནི་ཀུན་ལས་དམ་པ་ཡིན་ནོ། ། 26 སྡིག་བཤགས་མཆོད་པ་འབུལ་མཁན་མཆོད་དཔོན་གྱིས་འབུལ་བ་དེ་བཟའ་རུང་ལ། གནས་དམ་པ་སྟེ་མཇལ་འཕྲད་གུར་མཆོག་གི་ར་སྐོར་ནང་དུ་བཟའ་དགོས་སོ། ། 27 མཆོད་པ་དེའི་ཤ་ལ་རེག་མཁན་ཐམས་ཅད་ནི་དམ་པ་ཡིན་དགོས་པ་དང་། དེའི་ཁྲག་སུའི་གོས་ལ་འགོས་པ་ཡིན་ན། ཁྱོད་ཀྱིས་གནས་དམ་པ་རུ་ཁྲག་འགོས་པའི་གོས་དེ་གཙང་མར་བཀྲུ་དགོས་སོ། ། 28 མཆོད་རྫས་དེ་གདུ་བྱེད་ཀྱི་རྫ་སྣོད་གཅོག་དགོས། གལ་སྲིད་དེ་ནི་ལི་སྣོད་ལས་གདུས་པ་ཡིན་ན། དེ་གཙང་མར་དབྱི་དགོས་པ་དང་ཆུ་ཡིས་བཤལ་དགོས། 29 དེ་ནི་ཀུན་ལས་དམ་པ་ཡིན་ལ། མཆོད་དཔོན་རྣམས་ལས་སྐྱེས་པ་གང་ཡིན་གྱིས་བཟའ་རུང་ངོ་། ། 30 གལ་སྲིད་སྡིག་བཤགས་མཆོད་པ་གང་རུང་གི་ཁྲག་མཇལ་འཕྲད་གུར་མཆོག་ཏུ་ཁྱེར་འོངས་པ་ཡིན་ན། གནས་དམ་པ་རུ་ཉེས་ཆད་བསལ་བའི་ཕྱིར་ཤ་དེ་བཟའ་མི་རུང་། དེ་ནི་མེ་ལ་བསྲེག་དགོས་སོ། །