ལེའུ་བདུན་པ།
ཉེས་སེལ་མཆོད་པ་འབུལ་བའི་ཁྲིམས།
ཉེས་སེལ་མཆོད་པའི་བཀའ་ཁྲིམས་ནི་འདི་ལྟ་སྟེ། མཆོད་པ་འདི་ནི་ཀུན་ལས་དམ་པ་ཡིན་ནོ། ། སྦྱིན་སྲེག་གི་ཕྱུགས་ཟོག་གནས་གང་དུ་བཤས་ན་སྡིག་བཤགས་མཆོད་བྱ་ཡང་གནས་དེ་རུ་བཤའ་དགོས་ལ། དེའི་ཁྲག་ནི་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར་དགོས། མཆོད་དཔོན་གྱིས་དེའི་ཚིལ་ཐམས་ཅད་དེ། རྔ་མ་ཚོན་པོ་དང་། ནང་ཁྲོལ་བཏུམས་པའི་ཚིལ་དང་། མཁལ་མ་གཉིས་དང་དེའི་སྟེང་གི་ཚིལ་ཏེ་མཁལ་མའི་ལོགས་གཉིས་སུ་ཡོད་པའི་ཚིལ་དང་། མཆིན་པའི་རྩ་རྒྱུས་ནི་མཁལ་མ་དང་བཅས་ལེན་དགོས་པ་དང་། མཆོད་དཔོན་གྱིས་དེ་རྣམས་མཆོད་ཁྲིའི་སྟེང་བསྲེགས་ནས་དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་དུ་འབུལ་དགོས། དེ་ནི་ཉེས་སེལ་མཆོད་པ་ཡིན་ནོ། ། མཆོད་དཔོན་རྣམས་ལས་སྐྱེས་པ་གང་ཡིན་གྱིས་དེ་བཟའ་རུང་ཞིང་། དེ་གནས་དམ་པར་བཟའ་དགོས་ལ། ཀུན་ལས་དམ་པ་ཡིན་ནོ། ། སྡིག་བཤགས་མཆོད་པ་ཅི་ལྟར་ཡིན་ན་ཉེས་སེལ་མཆོད་པའང་དེ་བཞིན་ཡིན་ལ། དེ་གཉིས་ཀྱི་བཀའ་ཁྲིམས་གཅིག་ཡིན། སྡིག་པ་བཤགས་མཁན་མཆོད་དཔོན་ལ་མཆོད་རྫས་དེ་འཐོབ་པར་འགྱུར། སྦྱིན་སྲེག་འབུལ་བའི་མཆོད་དཔོན་གྱིས་སུ་ཞིག་གི་དོན་དུ་སྦྱིན་སྲེག་བཏང་ནའང་། སྦྱིན་སྲེག་ཏུ་ཕུལ་བའི་ཕྱུགས་ཟོག་གི་པགས་པ་ནི་མཆོད་དཔོན་དེ་ལ་དབང་བ་ཡིན། མེ་ཐབ་ནང་དུ་བསྲེགས་པའམ། སླ་ང་དང་ལྕགས་སླང་ནང་དུ་བཟོས་པའི་འབྲུ་རིགས་ཀྱི་མཆོད་པ་གང་ཡིན་རུང་། ཐམས་ཅད་མཆོད་པ་འབུལ་བའི་མཆོད་དཔོན་ལ་དབང་དགོས། 10 འབྲུ་རིགས་ཀྱི་མཆོད་པ་རྣམས་ལས་སྣུམ་གྱིས་བསྲེ་སྦྱོར་བྱས་པའམ། སྐམ་པོ་ཡིན་པ་གང་ཡིན་རུང་ཐམས་ཅད་ཨ་རོན་གྱི་བུ་རྣམས་ལ་ཁྱད་མེད་དུ་བགོ་དགོས་སོ། །
ཞི་བདེའི་མཆོད་པ་འབུལ་བའི་ཁྲིམས།
11 དེ་ཡང་དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་ཞི་བདེའི་མཆོད་པ་རྣམས་ཀྱི་བཀའ་ཁྲིམས་ནི་འདི་ལྟ་སྟེ། 12 གལ་སྲིད་གཏང་རག་གི་མཆོད་པ་འབུལ་ན། སྐྱུར་མེད་བག་ལེབ་སྣུམ་བསྲེས་མ་དང་། ཡང་ན་སྐྱུར་མེད་གོར་ལེབ་སྲབ་བུ་སྣུམ་བྱུགས་མ། གྲོ་ཞིབ་བག་ལེབ་སྣུམ་གྱིས་བསྲེ་སྦྱོར་ཡག་པོ་བྱས་པ་བཅས་གཏང་རག་གི་མཆོད་པ་དང་མཉམ་དུ་འབུལ་དགོས། 13 སྐྱུར་ལྡན་བག་ལེབ་དང་བཅས་གཏང་རག་ཏུ་འབུལ་བའི་ཞི་བདེའི་མཆོད་པ་ནི་མཆོད་པ་དང་མཉམ་དུ་འབུལ་དགོས། 14 ཕུལ་བའི་མཆོད་པ་རྣམས་ལས་བག་ལེབ་གཅིག་རེ་དཀོན་མཆོག་ཡ་ཝཱེ་ལ་འདེགས་མཆོད་དུ་འབུལ་བ་སྟེ། ཞི་བདེའི་མཆོད་པའི་ཕྱུགས་ཟོག་གི་ཁྲག་གཏོར་མཁན་མཆོད་དཔོན་ལ་དབང་དགོས་སོ། ། 15 གཏང་རག་ཏུ་ཕུལ་བའི་ཞི་བདེའི་མཆོད་པའི་ཤ་ནི། མཆོད་པར་འབུལ་བའི་ཉིན་དེ་རང་དུ་བཟའ་དགོས་ཏེ། ཞོགས་པའི་བར་དུ་ཅི་ཡང་ལྷག་མི་རུང་། 16 གལ་སྲིད་ཁོའི་མཆོད་པ་ནི་དམ་བཅའ་སྒྲུབ་པའི་མཆོད་པའམ། ཡང་ན་ཡིད་མོས་མཆོད་པ་ཡིན་ན། མཆོད་པར་འབུལ་བའི་ཉིན་དེ་རང་དུ་བཟའ་དགོས་ཤིང་། དེའི་ལྷག་མ་ནི་ཕྱི་ཉིན་ཡང་བཟའ་རུང་བ་ཡིན། 17 མཆོད་ཤ་ལྷག་མ་ནི་ཉིན་གསུམ་པར་མེ་ལ་བསྲེག་དགོས། 18 གལ་སྲིད་ཞི་བདེའི་མཆོད་པར་ཕུལ་བའི་ཤ་རྣམས་ཉིན་གསུམ་པར་ཟོས་ན་དེ་ཐུགས་ལ་ལྡན་པར་མི་འགྱུར་ལ། གང་ཞིག་ཕུལ་བ་དེ་ཡང་མཆོད་པར་མི་བརྩི། མཆོད་པ་དེ་ནི་མི་གཙང་བ་ཡིན་པས་དེ་ཟ་མཁན་གྱིས་རང་གི་ཉེས་པ་འཁུར་དགོས་སོ། ། 19 དེ་ཡང་མི་གཙང་བའི་རྫས་ལ་རེག་པའི་ཤ་ནི་བཟའ་མི་རུང་སྟེ་མེ་ལ་བསྲེག་དགོས། ཤ་གཞན་ལ་མཚོན་ན་གཙང་མ་ཡིན་པའི་མི་སུས་ཀྱང་ཤ་དེ་བཟའ་རུང་ངོ་། ། 20 འོན་ཀྱང་མི་གཙང་བ་སུ་ཞིག་གིས་གལ་ཏེ་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་ཞི་བདེའི་མཆོད་པའི་ཤ་ཟོས་ན། མི་དེ་ནི་རང་གི་མི་མང་ལས་མེད་པར་གཏོང་དགོས། 21 གལ་ཏེ་མི་ཞིག་གིས་མི་ལུས་ཀྱི་མི་གཙང་བའམ་ཕྱུགས་ཟོག་མི་གཙང་བ། ཡང་ན་ཞེ་མེར་བའི་རྫས་མི་གཙང་བ་གང་རུང་ལ་རེག་ནས། ཡང་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་ཞི་བདེའི་མཆོད་པའི་ཤ་ཟོས་ན། མི་དེ་ནི་རང་གི་མི་མང་ལས་མེད་པར་གཏོང་བར་བྱ་ཞེས་བཤད་དགོས་པར་བཀའ་གནང་ངོ་། །
22 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 23 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག གླང་དང་ལུག་དང་ར་བཅས་ཀྱི་ཚིལ་གང་ཡང་ཁྱོད་རྣམས་ཀྱིས་བཟའ་མི་རུང་། 24 རང་བཞིན་གྱིས་ཤི་བའམ་གཅན་གཟན་གྱིས་བསད་པའི་ཕྱུགས་ཟོག་གི་ཚིལ་ནི་གཞན་ཅི་རིགས་སུ་སྤྱད་ཆོག་མོད། འོན་ཀྱང་གཏན་ནས་བཟའ་མི་རུང་ངོ་། ། 25 སུ་ཞིག་གིས་དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་དུ་ཕུལ་བའི་ཕྱུགས་ཟོག་གི་ཚིལ་ཟོས་པ་ཡིན་ན། མི་དེ་ནི་རང་གི་མི་མང་ལས་མེད་པར་གཏོང་བར་བྱའོ། ། 26 ཁྱོད་རྣམས་ཀྱི་སྡོད་གནས་གང་དུའང་། འདབ་ཆགས་སམ་ཕྱུགས་ཟོག་གི་ཁྲག་གང་ཡིན་ཡང་བཟའ་མི་རུང་། 27 སུ་ཞིག་གིས་ཁྲག་ཟོས་ན། མི་དེ་ནི་རང་གི་མི་མང་ལས་མེད་པར་གཏོང་བར་བྱ་ཞེས་སྨྲ་དགོས་པར་བཀའ་གནང་ངོ་། །
28 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 29 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག དཀོན་མཆོག་ཡ་ཝཱེ་ལ་ཞི་བདེའི་མཆོད་པ་འབུལ་མཁན་གྱིས་རང་གི་ཞི་བདེའི་མཆོད་པ་ལས་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་དགོས། 30 མི་དེས་དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་མེ་མཆོད་དངོས་སུ་འཁྱེར་འོང་དགོས་ཏེ། ཚིལ་དང་བྲང་ཁྱེར་འོངས་ནས་བྲང་ནི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཕར་གཡོ་ཚུར་གཡོ་བྱས་ཏེ་གཡོབ་མཆོད་དུ་འབུལ་དགོས། 31 མཆོད་དཔོན་གྱིས་ཚིལ་རྣམས་མཆོད་ཁྲིའི་སྟེང་བསྲེག་དགོས་ཀྱང་། བྲང་ནི་ཨ་རོན་དང་ཁོའི་བུ་རྣམས་ལ་དབང་བ་ཡིན། 32 ཁྱོད་རྣམས་ཀྱིས་ཞི་བདེའི་མཆོད་པའི་ཕྱུགས་ཟོག་གི་བརླ་གཡས་པ་འདེགས་མཆོད་བྱས་ནས་མཆོད་དཔོན་ལ་འབུལ་དགོས་པ་དང་། 33 ཨ་རོན་གྱི་བུ་རྣམས་ལས་སུ་ཞིག་གིས་ཞི་བདེའི་མཆོད་པའི་ཕྱུགས་ཟོག་གི་ཁྲག་དང་ཚིལ་ཕུལ་ན། དེ་ལ་འཐོབ་འོས་པའི་སྐལ་དུ་བརླ་གཡས་པ་འཐོབ་དགོས། 34 གང་ལ་ཞེ་ན། བདག་གིས་ཡེས་ར་ཨེལ་པ་རྣམས་གྱི་ཞི་བདེའི་མཆོད་པ་ལས་གཡོབ་མཆོད་ཀྱི་བྲང་དང་འདེགས་མཆོད་ཀྱི་བརླ་བླངས་ཏེ། མཆོད་དཔོན་ཨ་རོན་དང་ཁོའི་བུ་རྣམས་ལ་སྤྲད་པ་ཡིན་ལ། དེ་ནི་ཁོ་རྣམས་ལ་ཡེས་ར་ཨེལ་པ་རྣམས་ལས་གཏན་དུ་འཐོབ་འོས་པའི་སྐལ་ཡིན་ཞེས་སྨྲ་དགོས་པར་བཀའ་གནང་ངོ་། ། 35 འདི་ནི་དཀོན་མཆོག་ཡ་ཝཱེའི་མེ་མཆོད་ལས་བླངས་པ་དང་། ཨ་རོན་དང་ཁོའི་བུ་རྣམས་ཀྱི་སྐལ་ཡིན་ཏེ། མོ་ཤེ་ཡིས་ཁོ་རྣམས་ཚུར་བོས་ཡོང་ནས། དཀོན་མཆོག་ཡ་ཝཱེ་ལ་མཆོད་དཔོན་གྱི་ལས་འགན་བསྒྲུབས་པའི་ཉིན་དེ་ནས་བཟུང་འགོ་བརྩམས་པའོ། ། 36 དེ་ནི་མོ་ཤེ་ཡིས་ཨ་རོན་དང་ཁོའི་བུ་རྣམས་ལ་སྣུམ་གྱིས་བྱུགས་པའི་ཉིན་མོར། དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ལ་གནང་དགོས་པའི་བཀའ་གནང་བ་སྟེ། ཁོ་རྣམས་ལ་ཡེས་ར་ཨེལ་པ་རྣམས་ལས་མི་རབས་ནས་མི་རབས་བར་གཏན་དུ་འཐོབ་འོས་པའི་སྐལ་ཡིན། 37 འདི་ནི་སྦྱིན་སྲེག་དང་འབྲུ་རིགས་ཀྱི་མཆོད་པ་དང་། སྡིག་བཤགས་མཆོད་པ། ཉེས་སེལ་མཆོད་པ། བསྐོ་བར་བྱེད་པའི་མཛད་སྒོ། ཞི་བདེའི་མཆོད་པ་བཅས་ཀྱི་བཀའ་ཁྲིམས་ཡིན། 38 དེ་ཐམས་ཅད་ནི་དཀོན་མཆོག་ཡ་ཝཱེས་རི་བོ་སི་ནཱ་རུ་མོ་ཤེ་ལ་བསྩལ་པའི་བཀའ་ཡིན་ལ། ཁོང་གིས་སི་ནཱ་དབེན་སྟོང་དུ་ཡེས་ར་ཨེལ་པ་རྣམས་ལ། དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་དགོས་པའི་བཀའ་བསྩལ་པའི་ཉིན་མོར་གསུངས་པའི་བཀའ་ཡང་ཡིན་ནོ། །