ལེའུ་དགུ་པ།
ཨ་རོན་གྱིས་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་བ།
1 ཉིན་བརྒྱད་པ་ལ་མོ་ཤེ་ཡིས་ཨ་རོན་དང་ཁོའི་བུ་རྣམས་དང་། ཡེས་ར་ཨེལ་གྱི་རྒན་པོ་རྣམས་བོས་ཏེ། 2 ཨ་རོན་ལ་འདི་ལྟར། ཁྱོད་ཀྱིས་སྡིག་བཤགས་མཆོད་པར་སྒོ་ཕྱུགས་ལས་བ་ཕྲུག་ཅིག་དང་། སྦྱིན་སྲེག་གི་ཕྱིར་ལུག་ཐུག་ཅིག་ལེན་དགོས་ལ། དེ་གཉིས་ཀ་སྐྱོན་མེད་པ་ཞིག་ཡིན་དགོས་ཏེ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཕུལ་ཞིག 3 དེ་ནས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར། ཁྱོད་རྣམས་ཀྱིས་སྡིག་བཤགས་མཆོད་པ་ལ་ར་ཐུག་ཅིག་འཁྲིད་ཡོང་དགོས། སྐྱོན་གཏན་ནས་མེད་པའི་བ་ཕྲུག་དང་ལུ་གུ་ལོ་གཅིག་ཅན་གཉིས་ཀྱང་སྦྱིན་སྲེག་གི་མཆོད་པའི་ཕྱིར་དུ་འཁྲིད་ཡོང་དགོས། 4 ཡང་གླང་ཐུག་ཅིག་དང་ལུག་ཐུག་ཅིག་དམར་མཆོད་ཀྱི་ཆེད་དུ་ཁྲིད་འོངས་ནས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཞི་བདེའི་མཆོད་པ་རུ་བཤམ་པ་དང་། འབྲུ་རིགས་ཀྱི་མཆོད་པ་ལ་སྣུམ་བསྲེས་ནས་འབུལ་དགོས་ཏེ། ཅིའི་ཕྱིར་ཞེ་ན། དེ་རིང་དཀོན་མཆོག་ཡ་ཝཱེ་ཁྱོད་རྣམས་ལ་མངོན་པར་འགྱུར་བའི་ཕྱིར་རོ་ཞེས་སྦྲོན་ཅིག་གསུངས་པས། 5 དེ་ཚོས་མོ་ཤེ་ཡིས་བསྒོས་པ་རྣམས་མཇལ་འཕྲད་གུར་མཆོག་གི་མདུན་དུ་ཁྱེར་འོངས་པ་དང་། མི་ཚོགས་ཐམས་ཅད་ཉེ་སར་བཅར་ནས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་འགྲེང་ངོ་། ། 6 དེར་མོ་ཤེ་ན་རེ། འདི་ནི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་བཀའ་བསྩལ་ཞིང་བསྒྲུབ་འོས་པ་རྣམས་ཡིན་ཏེ། དཀོན་མཆོག་ཡ་ཝཱེའི་གཟི་འོད་ཁྱོད་ཅག་ལ་མངོན་པར་འགྱུར་ཞེས་གསུངས། 7 མོ་ཤེ་ཡིས་ཨ་རོན་ལ། ཁྱོད་རང་མཆོད་ཁྲིའི་མདུན་དུ་བཅར་ནས་ཁྱོད་ཀྱི་སྡིག་བཤགས་མཆོད་པ་དང་སྦྱིན་སྲེག་ཕུལ་ཏེ། རང་ཉིད་དང་མི་རྣམས་ཀྱི་སྡིག་པ་ཤོགས་ཤིག ཡང་མི་རྣམས་ཀྱི་མཆོད་པ་ཕུལ་ཏེ་ཁོ་རྣམས་ཀྱི་སྡིག་པ་ཤོགས་ཤིག ཐམས་ཅད་དཀོན་མཆོག་ཡ་ཝཱེས་བསྩལ་པའི་བཀའ་བཞིན་དུ་ཡིན་ནོ་ཞེས་གསུངས་སོ། ། 8 དེ་ནས་ཨ་རོན་མཆོད་ཁྲིའི་དྲུང་དུ་འོངས་ནས་རང་གི་སྡིག་བཤགས་མཆོད་པའི་བ་ཕྲུག་དེ་བཤས་པ་དང་། 9 ཨ་རོན་གྱི་བུ་རྣམས་ཀྱིས་ཁོ་ལ་ཁྲག་ཁྱེར་འོངས་པ་དང་། ཁོས་མཛུབ་མོ་ཁྲག་ནང་བསྒྲེས་ཤིང་མཆོད་ཁྲིའི་རུ་ཐུར་རྣམས་ལ་བསྐུས་པ་དང་། ཁྲག་ལྷག་མ་རྣམས་མཆོད་ཁྲིའི་ཞབས་རའི་སྟེང་དུ་བླུགས་སོ། ། 10 ཁོས་སྡིག་བཤགས་མཆོད་པའི་ཚིལ་དང་མཁལ་མ་དང་། མཆིན་པའི་རྩ་རྒྱུས་བཅས་ནི་མཆོད་ཁྲིའི་སྟེང་དུ་བསྲེགས་པ་དང་། དེ་ཐམས་ཅད་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བསྩལ་པའི་བཀའ་བཞིན་དུ་ཡིན་ནོ། ། 11 ཤ་དང་པགས་པ་རྣམས་སྒར་ཁའི་ཕྱི་རོལ་ཏུ་མེ་ལ་བསྲེགས་སོ། ། 12 ཨ་རོན་གྱིས་སྦྱིན་སྲེག་ཏུ་འབུལ་བའི་ཕྱུགས་ཟོག་བཤས་རྗེས། ཁོའི་བུ་རྣམས་ཀྱིས་དེའི་ཁྲག་ཁྱེར་འོངས་པ་དང་། ཁོས་ཁྲག་དེ་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར། 13 ཡང་དེ་དག་གིས་སྦྱིན་སྲེག་ཧྲིལ་པོ་ལྷུ་ལྷུ་རུ་བཅད་པ་རྣམས་མགོ་དང་བཅས་ཁྱེར་འོངས་ནས་ཁོ་ལ་སྤྲད་ཅིང་། ཁོས་དེ་མཆོད་ཁྲིའི་སྟེང་བསྲེགས་པ་དང་། 14 ནང་ཁྲོལ་དང་རྐང་ལག་རྣམས་བཀྲུས་ཏེ་མཆོད་ཁྲིའི་སྟེང་གི་སྦྱིན་སྲེག་དང་ལྷན་དུ་བསྲེགས་སོ། ། 15 དེ་ནས་མི་ཚོགས་ཀྱི་མཆོད་པ་ཕུལ་བ་སྟེ། ཁོས་མི་ཚོགས་ཀྱི་སྡིག་བཤགས་མཆོད་པར་ཁྲིད་འོངས་པའི་ར་ཐུག་བཤས་ཏེ་སྔར་བཞིན་སྡིག་བཤགས་མཆོད་པར་ཕུལ་ཏོ། ། 16 ཡང་ཁྲིམས་སྲོལ་བཞིན་དུ་བསྒྲུབས་ནས་སྦྱིན་སྲེག་ཀྱང་ཕུལ་ཏོ། ། 17 ཞོགས་པའི་སྦྱིན་སྲེག་ལས་གཞན་ཁོས་འབྲུ་རིགས་ཀྱི་མཆོད་པ་ཡང་ཕུལ་བ་སྟེ། ལག་པས་ཁྱོར་བ་གང་བླངས་ནས་མཆོད་ཁྲིའི་སྟེང་དུ་བསྲེགས། 18 དེ་ནས་ཨ་རོན་གྱིས་མི་ཚོགས་ཀྱི་ཞི་བདེའི་མཆོད་པ་ཡིན་པའི་གླང་ཐུག་དང་ལུག་ཐུག་བཤས་ཤིང་། ཁོའི་བུ་རྣམས་ཀྱིས་ཁོ་ལ་དེའི་ཁྲག་ཁྱེར་འོངས་པ་དང་། ཁོས་ཁྲག་ནི་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར་བའོ། ། 19 དེ་དག་གིས་གླང་ཐུག་དང་ལུག་ཐུག་གི་ཚིལ་དང་། རྔ་མ་ཚོན་པོ་དང་། ནང་ཁྲོལ་བཏུམས་པའི་ཚིལ་དང་། མཁལ་མ་དང་། མཆིན་པའི་རྩ་རྒྱུས་བཅས་ཡོངས་སུ་རྫོགས་པ་དང་། 20 ཚིལ་ནི་དམར་མཆོད་དུ་བཤས་པའི་ཕྱུགས་ཟོག་གི་བྲང་རྣམས་ཀྱི་སྟེང་དུ་བཞག་པ་དང་། ཁོས་ཚིལ་རྣམས་མཆོད་ཁྲིའི་སྟེང་དུ་བསྲེགས། 21 ཨ་རོན་གྱིས་དམར་མཆོད་དུ་བཤས་པའི་ཕྱུགས་ཟོག་གི་བྲང་རྣམས་དང་བརླ་གཡས་པ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཕར་གཡོ་ཚུར་གཡོ་བྱས་ནས་གཡོབ་མཆོད་དུ་ཕུལ་བ་དང་། དེ་ནི་མོ་ཤེ་ཡིས་བསྒོས་པ་བཞིན་དུ་ཡིན་ནོ། ། 22 དེ་ནས་ཨ་རོན་གྱིས་ལག་པ་ཡར་བཏེགས་ནས་མི་རྣམས་ལ་བྱིན་གྱིས་བརླབས་པ་དང་། ཁོས་སྡིག་བཤགས་མཆོད་པ་དང་སྦྱིན་སྲེག ཞི་བདེའི་མཆོད་པ་བཅས་ཕུལ་རྗེས་མར་བབས། 23 མོ་ཤེ་དང་ཨ་རོན་གཉིས་མཇལ་འཕྲད་གུར་མཆོག་གི་ནང་དུ་སོང་ཞིང་། ཕྱི་རོལ་ཏུ་འོངས་ནས་མི་རྣམས་ལ་བྱིན་རླབས་མཛད་པ་ན། དཀོན་མཆོག་ཡ་ཝཱེའི་གཟི་འོད་མི་ཐམས་ཅད་ལ་མངོན་པར་གྱུར་པ་དང་ཆབས་ཅིག 24 དཀོན་མཆོག་ཡ་ཝཱེའི་དྲུང་ནས་མེ་ཞིག་བྱུང་སྟེ། མཆོད་ཁྲིའི་སྟེང་གི་སྦྱིན་སྲེག་དང་ཚིལ་རྣམས་ཡོངས་སུ་བསྲེགས་ཤིང་། མི་ཐམས་ཅད་ཀྱིས་དེ་མཐོང་བ་ན་སྐད་ཆེན་པོ་བརྒྱབ་ནས་ལུས་སར་བཏུད་དོ། །