ལེའུ་བརྒྱད་པ།
མཆོད་དཔོན་རྣམས་བསྐོ་བའི་ཁྲིམས།
དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཨ་རོན་དང་དེའི་བུ་རྣམས་ཁྲིད་ཤོག་དང་། ཡང་འཕགས་གོས་དང་འབྱུག་སྣུམ། སྡིག་བཤགས་མཆོད་པའི་གླང་ཐུག་གཅིག་དང་ལུག་ཐུག་གཉིས། སྐྱུར་མེད་བག་ལེབ་གཟེབ་གང་བཅས་འཁྱེར་འོང་དགོས། ཡང་མི་ཚོགས་ཐམས་ཅད་མཇལ་འཕྲད་གུར་མཆོག་གི་སྒོ་ཁར་སྡུས་ཤིག་ཅེས་བཀའ་བསྩལ་ཏོ། ། དེ་ནས་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེས་བསྩལ་པའི་བཀའ་བཞིན་དུ་བསྒྲུབས་ཏེ། མི་ཚོགས་རྣམས་མཇལ་འཕྲད་གུར་མཆོག་གི་སྒོ་ཁར་བསྡུས་པ་དང་། མོ་ཤེ་ཡིས་མི་ཚོགས་ལ་འདི་ལྟར། འདི་ནི་དཀོན་མཆོག་ཡ་ཝཱེས་བསྒྲུབ་འོས་པར་གསུངས་པའི་དོན་རྣམས་ཡིན་ཞེས་གསུངས། མོ་ཤེ་ཡིས་ཨ་རོན་དང་ཁོའི་བུ་རྣམས་ཁྲིད་འོངས་ཤིང་། དེ་དག་གི་ལུས་ཆུ་ཡིས་བཀྲུས་པ་དང་། དེ་ནས་ཁོ་ལ་ནང་གོས་བསྐོན་ནས་སྐེད་ཆིངས་བཅིངས་པ་དང་གོས་རིང་བསྐོན་ཞིང་། བེར་ཐུལ་ཡང་བསྐོན་ཏེ། སྐ་རགས་སྤུས་དག་གིས་བེར་ཐུལ་དམ་པོར་བསྡམས། ཡང་ཁོས་ཨ་རོན་ལ་བྲང་རྒྱན་ཡང་སྤྲས་པ་དང་། ཨུའུ་རིམ་དང་ཐུའུ་མིམ་ཞེས་པའི་རྟགས་རིལ་གཉིས་བྲང་རྒྱན་གྱི་ནང་དུ་བཅུག དེ་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་བསྩལ་པ་བཞིན་དུ། ཁོས་ཨ་རོན་གྱི་མགོར་ལ་ཐོད་སྤྲས་ཤིང་། ལ་ཐོད་ཀྱི་མདུན་ངོས་སུ་དམ་པའི་ཅོད་པན་ཡིན་པའི་གསེར་གྱི་བྱང་བུ་བཏགས་སོ། ། 10 དེ་ནས་མོ་ཤེ་ཡིས་འབྱུག་སྣུམ་གྱིས་གུར་མཆོག་དང་དེའི་ནང་གི་ཡོ་བྱད་ཐམས་ཅད་ལ་བྱུགས་ནས་དེ་རྣམས་དམ་པར་བྱས་པ་དང་། 11 ཡང་མཆོད་ཁྲིའི་སྟེང་འབྱུག་སྣུམ་ལན་བདུན་གཏོར་ནས། མཆོད་ཁྲི་དང་མཆོད་ཁྲིའི་ཡོ་བྱད་ཐམས་ཅད། ཁྲུས་གཞོང་དང་དེའི་སྟེགས་བུ་བཅས་སྣུམ་གྱིས་བྱུགས་ནས་དམ་པར་བྱས་སོ། ། 12 ཨ་རོན་གྱི་མགོ་ལ་འབྱུག་སྣུམ་བླུགས་ནས་ཁོ་དམ་པར་བྱས་པ་དང་། 13 མོ་ཤེ་ཡིས་ཨ་རོན་གྱི་བུ་རྣམས་ཚུར་ཁྲིད་ཡོང་སྟེ། ཁོ་རྣམས་ལ་ནང་གོས་བསྐོན་ནས་སྐེད་ཆིངས་བཅིངས་པ་དང་པྲོག་ཞུ་དཀྲིས་ཤིང་། དེ་ཐམས་ཅད་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བསྩལ་པའི་བཀའ་བཞིན་དུ་ཡིན་ནོ། ། 14 དེ་ནས་ཁོས་སྡིག་བཤགས་མཆོད་པའི་གླང་ཐུག་ཁྲིད་འོངས་པ་དང་། ཨ་རོན་དང་ཁོའི་བུ་རྣམས་ཀྱིས་གླང་ཐུག་དེའི་མགོ་ལ་ལག་པ་བཞག་ནས། 15 གླང་ཐུག་བཤས་ཤིང་། མཆོད་ཁྲིའི་སྟེང་སྡིག་པ་བཤག་ཕྱིར། མོ་ཤེ་ཡིས་དེའི་ཁྲག་བླངས་ནས་མཛུབ་མོས་མཆོད་ཁྲིའི་མཐའ་འཁོར་གྱི་རུ་ཐུར་རྣམས་ལ་བྱུགས་ཏེ་མཆོད་ཁྲི་འདག་པར་བྱས། དེ་ནས་ཁྲག་ལྷག་མ་རྣམས་མཆོད་ཁྲིའི་ཞབས་རའི་སྟེང་བླུགས་ནས་མཆོད་ཁྲི་དམ་པར་བྱས་སོ། ། 16 ཡང་མོ་ཤེ་ཡིས་ནང་ཁྲོལ་གྱི་ཚིལ་ཐམས་ཅད་དང་མཆིན་པའི་རྩ་རྒྱུས་དང་། མཁལ་མ་གཉིས་ཀ་དང་དེའི་སྟེང་གི་ཚིལ་བཅས་བླངས་ནས་མཆོད་ཁྲིའི་ཁར་བསྲེགས། 17 གླང་ཐུག་གི་པགས་པ་དང་ཤ་དང་ལྕི་བ་བཅས་ནི་སྒར་ཁའི་ཕྱི་རོལ་ཏུ་མེ་ལ་བསྲེགས་པ་དང་། དེ་ཐམས་ཅད་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བསྩལ་པའི་བཀའ་བཞིན་དུ་ཡིན་ནོ། ། 18 ཁོས་སྦྱིན་སྲེག་ཏུ་འབུལ་བའི་ལུག་ཐུག་ཁྲིད་འོངས་ཤིང་། ཨ་རོན་དང་ཁོའི་བུ་རྣམས་ཀྱིས་ལུག་ཐུག་གི་མགོར་ལག་པ་བཞག་ནས། 19 ལུག་ཐུག་བཤས་ཤིང་། མོ་ཤེ་ཡིས་དེའི་ཁྲག་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར་བ་དང་། 20 ལུག་ཐུག་གི་ཤ་ལྷུ་ལྷུ་རུ་བཅད་རྗེས་མགོ་དང་ཤ་དང་ཚིལ་ཐམས་ཅད་བསྲེགས། 21 ཁོས་ནང་ཁྲོལ་དང་རྐང་ལག་རྣམས་ཆུས་བཀྲུས་ཤིང་ལུག་ཐུག་ཧྲིལ་པོ་མཆོད་ཁྲིའི་སྟེང་སྦྱིན་སྲེག་བཏང་། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དྲི་ཞིམ་གྱི་མེ་མཆོད་ཡིན་ལ། དེ་ཐམས་ཅད་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བསྩལ་པའི་བཀའ་བཞིན་དུ་ཡིན་ནོ། ། 22 ཡང་ཁོས་བསྐོ་བར་བྱེད་པའི་ལུག་ཐུག་གཉིས་པ་ཁྲིད་འོངས་ཏེ། ཨ་རོན་དང་དེའི་བུ་རྣམས་ཀྱིས་ལུག་ཐུག་གི་མགོ་ལ་ལག་པ་བཞག་ནས། 23 ལུག་ཐུག་བཤས་ཤིང་། མོ་ཤེ་ཡིས་དེའི་ཁྲག་ལས་ཉུང་ཙམ་ཞིག་ཨ་རོན་གྱི་རྣ་ཤལ་གཡས་པ་དང་། ལག་གཡས་པའི་མཐེ་བོང་དང་རྐང་པ་གཡས་པའི་མཐེབ་ཆེན་བཅས་ལ་བྱུགས་སོ། ། 24 ཡང་ཨ་རོན་གྱི་བུ་རྣམས་ཚུར་ཁྲིད་འོངས་ནས། ཁྲག་ཉུང་ཙམ་ཞིག་དེ་དག་གི་རྣ་ཤལ་གཡས་པ་དང་ལག་གཡས་པའི་མཐེ་བོང་དང་རྐང་པ་གཡས་པའི་མཐེབ་ཆེན་བཅས་སུ་བྱུགས་རྗེས། ཁྲག་ལྷག་མ་རྣམས་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར་ཏོ། ། 25 ཁོས་ཚིལ་དང་རྔ་མ་ཚོན་པོ་དང་ནང་ཁྲོལ་གྱི་ཚིལ་ཐམས་ཅད་དང་། མཆིན་པའི་རྩ་རྒྱུས་དང་མཁལ་མ་གཉིས་ཀ་དང་དེའི་སྟེང་གི་ཚིལ་དང་། བརླ་གཡས་པ་བཅས་བླངས་ཤིང་། 26 དཀོན་མཆོག་ཡ་ཝཱེའི་དྲུང་ནས་སྐྱུར་མེད་བག་ལེབ་འཇོག་བྱེད་ཀྱི་གཟེབ་ལས་སྐྱུར་མེད་བག་ལེབ་གཅིག་དང་། སྣུམ་གོར་གཅིག་དང་བག་ལེབ་སྲབ་བུ་གཅིག་བཅས་བླངས་ཏེ། དེ་ཐམས་ཅད་ཚིལ་དང་བརླ་གཡས་པའི་སྟེང་དུ་བསྒྲིགས། 27 ཁོས་དེ་ཐམས་ཅད་ཨ་རོན་དང་དེའི་བུ་རྣམས་ཀྱི་ལག་ཏུ་བཞག་སྟེ། དཀོན་མཆོག་ཡ་ཝཱེའི་དྲུང་དུ་གཡོས་ཤིང་གཡོབ་མཆོད་དུ་ཕུལ་ཏོ། ། 28 དེ་ནས་མོ་ཤེ་ཡིས་མཆོད་རྫས་དེ་དག་ཁོ་ཚོའི་ལག་ནས་བླངས་ཤིང་། མཆོད་ཁྲི་སྟེང་གི་སྦྱིན་སྲེག་དང་ལྷན་དུ་བསྲེགས། དེ་ནི་བསྐོ་བར་བྱེད་པའི་མཛད་སྒོ་ལས་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དྲི་ཞིམ་མེ་མཆོད་ཡིན། 29 མོ་ཤེ་ཡིས་ལུག་ཐུག་གི་བྲང་ཁོག་དེ་བླངས་ནས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཕར་གཡོ་ཚུར་གཡོ་བྱས་ནས་གཡོབ་མཆོད་དུ་ཕུལ། དེ་ནི་བསྐོ་བར་བྱེད་པའི་ལུག་ཐུག་ལས་མོ་ཤེ་ལ་ཐོབ་པའི་སྐལ་ཡིན་ལ། དེ་ཐམས་ཅད་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བསྩལ་པའི་བཀའ་བཞིན་དུ་ཡིན་ནོ། ། 30 མོ་ཤེ་ཡིས་འབྱུག་སྣུམ་དང་མཆོད་ཁྲིའི་སྟེང་གི་ཁྲག་ཉུང་ཙམ་བླངས་ཏེ། ཨ་རོན་དང་ཁོའི་གོས་དང་ཁོའི་བུ་རྣམས་དང་། ཁོའི་བུ་རྣམས་ཀྱི་གོས་ཀྱི་སྟེང་དུ་གཏོར་ནས་ཨ་རོན་དང་ཁོའི་གོས་དང་། ཁོའི་བུ་རྣམས་དང་དེ་རྣམས་ཀྱི་གོས་བཅས་ཐམས་ཅད་དམ་པར་བྱས་སོ། ། 31 མོ་ཤེ་ཡིས་ཨ་རོན་དང་དེའི་བུ་རྣམས་ལ་འདི་ལྟར། ཁྱོད་རྣམས་ཀྱིས་མཇལ་འཕྲད་གུར་མཆོག་གི་སྒོ་ཁ་རུ་ཤ་བཙོས་ཏེ། ཤ་དེ་དང་བསྐོ་བར་བྱེད་པའི་མཛད་སྒོའི་གཟེབ་ནང་གི་བག་ལེབ་བཟའ་དགོས་ཤིང་། ངས་ཁྱོད་རྣམས་ལ་བསྒོས་པ་བཞིན་དུ། འདི་ནི་ཨ་རོན་དང་ཁོའི་བུ་རྣམས་ཀྱིས་བཟའ་དགོས་པ་ཡིན་ཞེས་སྨྲ་བར་གྱིས། 32 ཤ་དང་བག་ལེབ་ལྷག་མ་རྣམས་ཁྱོད་ཚོས་མེ་ལ་བསྲེག་དགོས། 33 ཉིན་བདུན་པོ་དེ་མ་རྫོགས་བར་དུ། ཁྱོད་རྣམས་མཇལ་འཕྲད་གུར་མཆོག་གི་སྒོ་ཕྱི་རུ་འགྲོ་མི་རུང་། གང་ལ་ཞེ་ན། ཁྱོད་རྣམས་ཀྱི་བསྐོ་བར་བྱེད་པའི་མཛད་སྒོའི་ཉིན་མོ་ཚང་དགོས་ལ། ཁྱོད་རྣམས་བསྐོ་བར་ཉིན་བདུན་དགོས་པའི་ཕྱིར་རོ། ། 34 དེ་རིང་བྱས་པ་ཐམས་ཅད་ནི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་གི་སྡིག་པ་བཤག་པའི་ཕྱིར་བསྩལ་པའི་བཀའ་ཡིན་ནོ། ། 35 ཉིན་བདུན་པོ་དེར་ཁྱོད་རྣམས་ཉིན་མཚན་ཀུན་ཏུ་མཇལ་འཕྲད་གུར་མཆོག་གི་སྒོ་འགྲམ་དུ་འདུག་དགོས་ལ། འཆི་བར་མི་འགྱུར་བའི་ཕྱིར་དཀོན་མཆོག་ཡ་ཝཱེས་བསྩལ་པའི་བཀའ་རྣམས་བསྲུང་དགོས། གང་ལ་ཞེ་ན། དེ་ནི་བདག་ལ་བསྩལ་པའི་བཀའ་ཡིན་པས་སོ་ཞེས་གསུངས། 36 དེ་བས་ཨ་རོན་དང་ཁོའི་བུ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་བསྩལ་པའི་བཀའ་བཞིན་དུ་བྱས་སོ། །