ལེའུ་བཅུ་གཅིག་པ།
ཁ་ཟས་གཙང་དང་མི་གཙང་བ།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། 2 ཁྱོད་ཅག་གིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག ས་སྟེང་དུ་ཡོད་པའི་དུད་འགྲོ་ཐམས་ཅད་ལས་བཟའ་རུང་བའི་སྲོག་ཆགས་ནི་འདི་དག་སྟེ། 3 དུད་འགྲོ་རྨིག་པ་གཉིས་སུ་ཁ་འཕྲལ་བའམ། ཡང་ན་རྨིག་སོར་ཁ་འཕྲལ་ཅན་དང་སྐྱུག་ལྡད་བྱེད་པ་རྣམས་བཟའ་རུང་བ་ཡིན། 4 འོན་ཀྱང་། སྐྱུག་ལྡད་བྱེད་པ་དང་ཡང་ན་རྨིག་པ་ཁ་འཕྲལ་ཅན་རྣམས་ལས་བཟའ་མི་རུང་བ་ནི། རྔ་མོང་གིས་སྐྱུག་ལྡད་བྱེད་ཀྱང་རྨིག་པ་ཁ་འཕྲལ་མེད་པས་ཁྱོད་རྣམས་ལ་མཚོན་ན་མི་གཙང་བ་ཡིན་པ་དང་། 5 འཕྱི་བས་སྐྱུག་ལྡད་བྱེད་ཀྱང་རྨིག་པ་ཁ་འཕྲལ་མེད་པས་དེ་ཡང་ཁྱོད་རྣམས་ལ་མཚོན་ན་མི་གཙང་བ་ཡིན། 6 རི་བོང་གིས་སྐྱུག་ལྡད་བྱེད་ནའང་རྨིག་པ་ཁ་འཕྲལ་མེད་པས་ཁྱོད་རྣམས་ལ་མཚོན་ན་མི་གཙང་བ་ཡིན། 7 ཕག་ནི་རྨིག་པ་གཉིས་སུ་ཁ་འཕྲལ་བ་དང་རྨིག་སོར་ཁ་འཕྲལ་ཅན་ཡིན་ནའང་། སྐྱུག་ལྡད་མི་བྱེད་པས་ཁྱོད་རྣམས་ལ་མཚོན་ན་མི་གཙང་བ་ཡིན། 8 དེ་དག་གི་ཤ་ནི་ཁྱོད་ཅག་གིས་མི་བཟའ་བར་གྱིས། དེ་དག་གི་རོ་རྣམས་ལ་ཡང་མི་རེག་པར་གྱིས། དེ་ཐམས་ཅད་ཁྱོད་རྣམས་ལ་མཚོན་ན་མི་གཙང་བ་ཡིན་ནོ། ། 9 ཆུར་གནས་ཐམས་ཅད་ལས་བཟའ་རུང་བ་ནི་འདི་དག་སྟེ། རྒྱ་མཚོའམ་གཙང་པོ་གང་རུང་སྟེ་ཆུ་ནང་དུ་གནས་པའི་གཤོག་པ་དང་ཉ་སག་དང་ལྡན་པ་ཐམས་ཅད་བཟའ་རུང་བ་ཡིན། 10 རྒྱ་མཚོ་དང་གཙང་པོ་དང་། ཆུ་ནང་དུ་ནུར་འགྲོས་བྱེད་པའི་སྲོག་ཆགས་ཐམས་ཅད་དེ། ཆུ་ནང་དུ་གནས་པའི་སྲོག་ལྡན་ཐམས་ཅད་ལས་གཤོག་པ་དང་ཉ་སག་མེད་པ་རྣམས་ནི་ཁྱོད་ཅག་གིས་སྐྱུག་བྲོ་བར་བརྩི་དགོས། 11 དེ་དག་ནི་ཁྱོད་རྣམས་ལ་མཚོན་ན་སྐྱུག་བྲོ་བ་ཡིན་པས། དེ་དག་གི་ཤ་བཟའ་མི་རུང་ལ་རོ་ཡང་སྐྱུག་བྲོ་བར་བརྩི་དགོས། 12 གཤོག་པ་དང་ཉ་སག་དང་མི་ལྡན་པའི་ཆུ་གནས་ཐམས་ཅད་ནི་ཁྱོད་རྣམས་ལ་མཚོན་ན་སྐྱུག་བྲོ་བ་ཡིན་ནོ། ། 13 ཡང་འདབ་ཆགས་ལས་ཁྱོད་ཅག་གིས་སྐྱུག་བྲོ་བར་བརྩི་རུང་བ་དང་། བཟའ་མི་རུང་བར་མ་ཟད་སྐྱུག་བྲོ་བ་རྣམས་ནི་འདི་དག་སྟེ། གླག་དང་བྱ་རྒོད་དང་གོ་བོ་དང་། 14 འོལ་པ་དང་བྱ་ཁྲའི་རིགས་དང་། 15 ཕོ་རོག་གི་རིགས་ཐམས་ཅད་དང་། 16 རྔ་བྱ་དང་སྲིན་བྱ་དང་ཆུ་སྐྱར་དང་ཁྲའི་རིགས་ཐམས་ཅད་དང་། 17 འུག་ཆུང་དང་སོ་བྱ་དང་འུག་རྒན་དང་། 18 འུག་དཀར་དང་འུག་སེར་དང་དུར་བྱ་དང་། 19 ཁྲུང་ཁྲུང་དང་སྐྱར་མོ་རྐང་རིང་གི་རིགས་དང་པུ་ཤུད་དང་ཕ་ཝང་བཅས་ཡིན་ནོ། ། 20 རྐང་པ་བཞིས་འགྲུལ་བའི་འབུ་སྲིན་གཤོག་པ་ཅན་ཐམས་ཅད་ཁྱོད་རྣམས་ལ་མཚོན་ན་སྐྱུག་བྲོ་བ་ཡིན། 21 རྐང་པ་བཞིས་འགྲུལ་བའི་འབུ་སྲིན་གཤོག་པ་ཅན་ཐམས་ཅད་ལས། རྐང་པ་བརླ་ཐོག་ལ་འབྱར་ཡོད་པ་དང་ས་ནས་མཆོང་བ་རྣམས་ཁྱོད་ཅག་གིས་བཟའ་རུང་བ་སྟེ། 22 དེ་དག་ལས་ཁྱོད་རྣམས་ཀྱིས་བཟའ་རུང་བ་ནི་ཆ་ག་པའི་རིགས་དང་འབུ་ཀོ་ཀོའི་རིགས་དང་། འཐབ་འབུའི་རིགས་དང་ཅོག་ཅོག་པའི་རིགས་བཅས་སོ། ། 23 འོན་ཀྱང་རྐང་པ་བཞི་ཡོད་པའི་འབུ་སྲིན་གཤོག་པ་ཅན་ཐམས་ཅད་ཁྱོད་རྣམས་ལ་མཚོན་ན་སྐྱུག་བྲོ་བ་ཡིན་ནོ། ། 24 དེ་ཐམས་ཅད་ཀྱིས་ཁྱོད་རྣམས་མི་གཙང་བར་བྱེད་ཅིང་། སུ་ཞིག་གིས་དེ་དག་གི་རོ་ལ་རེག་ན། དགོང་མོའི་བར་དུ་མི་གཙང་བ་ཡིན། 25 ཡང་སུ་ཞིག་གིས་དེ་དག་གི་རོ་ཁྱེར་བ་ཡིན་ན། རང་གི་གོས་རྣམས་གཙང་མར་བཀྲུ་དགོས་ལ། དགོང་མོའི་བར་དུ་མི་གཙང་བ་ཡིན། 26 ཕྱུགས་ཟོག་རྨིག་པ་གཉིས་སུ་ཁ་འཕྲལ་ཡང་། རྨིག་སོར་འཕྲལ་མེད་པའམ་ཡང་ན་སྐྱུག་ལྡད་མི་བྱེད་པ་ཐམས་ཅད་ཁྱོད་ཅག་ལ་མཚོན་ན་མི་གཙང་བ་ཡིན། སུ་ཞིག་གིས་དེར་རེག་ན་དེ་ནི་མི་གཙང་བ་ཡིན། 27 རྐང་མཐིལ་གྱིས་འགྲུལ་བ་དང་རྐང་པ་བཞིས་འགྲུལ་བའི་སྲོག་ཆགས་ཐམས་ཅད་ཁྱོད་རྣམས་ལ་མཚོན་ན་མི་གཙང་བ་ཡིན་ལ། སུ་ཞིག་གིས་དེའི་རོ་ལ་རེག་ན་དེ་ནི་དགོང་མོའི་བར་དུ་མི་གཙང་བ་ཡིན་པ་དང་། 28 སུ་ཞིག་གིས་དེ་དག་གི་རོ་ཁྱེར་བ་ཡིན་ན། རང་གི་གོས་རྣམས་གཙང་མར་བཀྲུ་དགོས་ལ། དགོང་མོའི་བར་དུ་མི་གཙང་བ་ཡིན། དེ་དག་ཁྱོད་རྣམས་ལ་མཚོན་ན་མི་གཙང་བ་ཡིན་ནོ། ། 29 ས་སྟེང་གི་ལྟོ་འགྲོ་སྲོག་ཆགས་ཁྱུ་དང་ཁྱུ་རྣམས་ལས། ཁྱོད་རྣམས་ལ་མཚོན་ན་མི་གཙང་བ་ནི་འདི་དག་སྟེ། སྲེ་མོང་དང་བྱི་བ་དང་རྩངས་པའི་རིགས་དང་། 30 གྱང་རྨིགས་དང་རྨིགས་པ་ཆེན་པོ། རྩངས་པ་ཁ་རལ་དང་རྩངས་པ་བྱེ་རལ་དང་བླ་མ་རྒལ་ཅིག་བཅས་སོ། ། 31 ལྟོ་འགྲོ་སྲོག་ཆགས་དེ་ཐམས་ཅད་ནི་ཁྱོད་རྣམས་ལ་མཚོན་ན་མི་གཙང་བ་ཡིན་ལ། སུ་ཞིག་གིས་དེ་དག་ཤི་རྗེས་རོ་ལ་རེག་ན་དགོང་མོའི་བར་དུ་མི་གཙང་བ་ཡིན། 32 དེ་དག་ལས་ཤི་རོ་གཅིག་དངོས་པོ་གང་རུང་གི་སྟེང་དུ་ལྷུང་ན་དེ་ནི་མི་གཙང་བ་སྟེ། ཤིང་གི་སྣོད་དམ། གོས་སམ། ཀོ་བའམ། རྩྭ་ཕད་དམ། ཡང་ན་ལག་ཆ་གང་ཡིན་ཡང་ཆུ་རུ་སྦང་དགོས་ལ། དགོང་མོའི་བར་དུ་མི་གཙང་ཞིང་དེའི་རྗེས་སུ་ད་གཟོད་གཙང་བ་ཡིན། 33 དེ་དག་ལས་གཅིག་རྫ་སྣོད་དུ་ལྷུང་ན། དེའི་ནང་ཡོད་པ་ཐམས་ཅད་མི་གཙང་བར་གྱུར་ཅིང་། རྫ་སྣོད་དེ་གཅོག་དགོས་སོ། ། 34 དེའི་ནང་གི་ཟས་རིགས་གང་ཡིན་ཡང་ཆུ་དེ་འདྲེས་ན་མི་གཙང་བ་ཡིན་ལ། སྣོད་ཆས་ནང་གི་བཏུང་བྱ་ཡང་མི་གཙང་བ་ཡིན། 35 དེ་དག་གི་རོ་ལས་ཆ་ཤས་ཙམ་དངོས་པོ་གང་རུང་གི་སྟེང་དུ་ལྷུང་ནའང་། དངོས་པོ་དེ་ནི་མི་གཙང་བར་གྱུར་པ་དང་། མེ་ཐབ་བམ་ཚ་ཐབ་གང་ཡིན་ཡང་རྡུལ་དུ་བརླག་དགོས། དེ་དག་མི་གཙང་བ་ཡིན་ལ། ཁྱོད་རྣམས་ལ་མཚོན་ནའང་མི་གཙང་བ་ཡིན། 36 འོན་ཀྱང་ཆུ་མིག་དང་རྫིང་བུ་སྟེ་ཆུ་འཁྱིལ་ས་རྣམས་ནི་སྔར་བཞིན་གཙང་མ་ཡིན་གྱི། དེ་དག་གི་རོ་ལ་རེག་པ་རྣམས་ནི་ད་གཟོད་མི་གཙང་བ་ཡིན། 37 གལ་སྲིད་དེ་དག་གི་རོ་ལས་ཆ་ཤས་ཙམ་རྨོ་འདེབས་ཀྱི་ས་བོན་སྟེང་དུ་ལྷུང་ན། ས་བོན་ནི་སྔར་བཞིན་གཙང་མ་ཡིན། 38 ཅི་སྟེ་ས་བོན་དེ་ལ་ཆུ་བརྒྱབ་པ་དང་། དེ་དག་གི་རོ་ལས་ཆ་ཤས་ཙམ་དེའི་སྟེང་དུ་ལྷུང་ན། ས་བོན་དེ་ཁྱོད་རྣམས་ལ་མི་གཙང་བ་ཡིན་ནོ། ། 39 གལ་སྲིད་ཁྱོད་རྣམས་ཀྱི་ཁ་ཟས་སུ་རུང་བའི་ཕྱུགས་ཟོག་ལས་གཅིག་ཤི་བ་དང་། སུ་ཞིག་གིས་དེའི་རོ་ལ་རེག་ན་དེ་ནི་དགོང་མོའི་བར་དུ་མི་གཙང་བ་ཡིན། 40 སུ་ཞིག་གིས་སྲོག་ཆགས་ཀྱི་ཤི་རོ་དེ་ཟོས་ན། རང་གི་གོས་རྣམས་གཙང་མར་བཀྲུ་དགོས་ལ། དགོང་མོའི་བར་དུ་མི་གཙང་བ་ཡིན་པ་དང་། སུ་ཞིག་གིས་སྲོག་ཆགས་ཀྱི་ཤི་རོ་དེ་ཁྱེར་བ་ཡིན་ན། རང་གི་གོས་རྣམས་གཙང་མར་བཀྲུ་དགོས་ལ། དགོང་མོའི་བར་དུ་མི་གཙང་བ་ཡིན་ནོ། ། 41 ས་སྟེང་གི་ལྟོ་འགྲོ་སྲོག་ཆགས་ཐམས་ཅད་ནི་སྐྱུག་བྲོ་བ་ཡིན་པས་བཟའ་མི་རུང་། 42 ལྟོ་བས་འགྲོ་བའམ་རྐང་ལག་བཞི་པོས་འགྲུལ་བ། ཡང་ན་སུག་མང་གིས་འགྲུལ་བ་བཅས་ས་སྟེང་གི་ལྟོ་འགྲོ་སྲོག་ཆགས་ཐམས་ཅད་ནི་སྐྱུག་བྲོ་བ་ཡིན་པས་བཟའ་མི་རུང་ངོ་། ། 43 ཁྱོད་རྣམས་ཀྱིས་ལྟོ་འགྲོ་སྲོག་ཆགས་གང་རུང་གི་རྐྱེན་གྱིས་རང་ཉིད་སྐྱུག་བྲོ་བར་མ་བྱེད་ཅིག ཡང་དེ་དག་གི་རྐྱེན་གྱིས་མི་གཙང་བ་དང་བཙོག་པར་མ་བྱེད་ཅིག 44 བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་པས་ཁྱོད་རྣམས་ཀྱིས་རང་ཉིད་དམ་པར་བསྒྱུར་དགོས། བདག་ནི་དམ་པ་ཡིན་པའི༌ཕྱིར། ཁྱོད་ཀྱང་དམ་པ་ཡིན་དགོས་ཏེ། ཁྱོད་རྣམས་ཀྱིས་ས་ལ་ལྟོ་བས་འགྲུལ་བའི་ལྟོ་འགྲོ་སྲོག་ཆགས་གང་གི་རྐྱེན་གྱིས་ཀྱང་རང་ཉིད་མི་གཙང་བར་བྱེད་མི་རུང་ངོ་། ། 45 བདག་ནི་ཁྱོད་ཅག་གི་དཀོན་མཆོག་བྱེད་པའི་ཆེད་དུ་ཁྱོད་ཅག་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་ཡོང་མཁན་དཀོན་མཆོག་ཡ་ཝཱེ་ཡིན་ལ། བདག་ནི་དམ་པ་ཡིན་པའི་ཕྱིར། ཁྱོད་ཀྱང་དམ་པ་ཡིན་དགོས་སོ་ཞེས་བཀའ་བསྩལ་ཏོ། ། 46 དེ་ནི་ཕྱུགས་ཟོག་སྟེ་འདབ་ཆགས་དང་ཆུ་ནང་རྒྱུ་བའི་སྲོག་ཆགས་དང་། ས་སྟེང་གི་ལྟོ་འགྲོ་སྲོག་ཆགས་ཐམས་ཅད་ཀྱི་བཀའ་ཁྲིམས་ཡིན་ཏེ། 47 ཁྱོད་རྣམས་ཀྱིས་གཙང་དང་མི་གཙང་བ་དང་། བཟའ་རུང་བ་དང་བཟའ་མི་རུང་བའི་སྲོག་ཆགས་ཀྱི་དབྱེ་བ་རྟོགས་པའི་ཕྱིར་ཡིན་ཞེས་པའོ་གསུངས་སོ། །