ལེའུ་བཅུ་གཉིས་པ།
ཕྲུ་གུ་བཙས་རྗེས་ཀྱི་གཙང་སྦྲ།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 2 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག བུད་མེད་ཅིག་མངལ་དང་ལྡན་པར་གྱུར་ནས་བུ་བཙས་ན། ཁོ་མོ་ཟླ་མཚན་འབབ་པའི་སྐབས་སུ་མི་གཙང་བ་བཞིན་དུ་ཉིན་བདུན་ལ་མི་གཙང་བ་ཡིན། 3 ཉིན་བརྒྱད་པ་ལ་བུའི་མཚན་སྐྱི་གཅོད་དགོས། 4 བུད་མེད་ལ་ཕྲུ་གུ་སྐྱེས་རྗེས་ཁྲག་ཤོར་བ་གཙང་མར་འགྱུར་བ་ལ་ཉིན་སུམ་ཅུ་སོ་གསུམ་དགོས་ཤིང་། ཁོ་མོ་གཙང་མར་བཟོ་བའི་ཉིན་མོ་རྣམས་མ་རྫོགས་གོང་རྫས་དམ་པར་རེག་པའམ་གནས་མཆོག་ལ་འགྲོ་མི་རུང་། 5 གལ་སྲིད་ཁོ་མོས་བུ་མོ་བཙས་ན། ཁོ་མོ་ཟླ་མཚན་འབབ་པའི་སྐབས་དང་འདྲ་བར་བདུན་ཕྲག་གཉིས་ལ་མི་གཙང་བ་དང་། ཁོ་མོར་ཕྲུ་གུ་སྐྱེས་རྗེས་ཁྲག་ཤོར་བ་གཙང་མར་འགྱུར་བ་ལ་ཉིན་དྲུག་ཅུ་རེ་དྲུག་དགོས་སོ། ། 6 གཙང་མར་བཟོ་བའི་ཉིན་ལོངས་རྗེས། བུའམ་བུ་མོ་གང་ཞིག་སྐྱེས་ཀྱང་། ཁོ་མོས་སྦྱིན་སྲེག་གི་ཕྱིར་ལུ་གུ་ལོ་གཅིག་ཅན་ཞིག་དང་། སྡིག་བཤགས་མཆོད་པར་ཕུག་རོན་ཆུང་ངུ་གཅིག་གམ་བྱ་ཐི་བ་ཞིག་མཇལ་འཕྲད་གུར་མཆོག་གི་སྒོ་ཁར་ཁྱེར་འོངས་ཏེ་མཆོད་དཔོན་ལ་སྤྲོད་དགོས། 7 མཆོད་དཔོན་གྱིས་མཆོད་རྫས་དེ་རྣམས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཕུལ་ནས། བུད་མེད་ཀྱི་སྡིག་པ་བཤག་དགོས། དེ་ལྟར་བྱས་ན་ཁོ་མོ་མངལ་ཁྲག་ལས་གཙང་བར་འགྱུར། དེ་ནི་བུ་དང་བུ་མོ་བཙའ་བའི་བུད་མེད་ཀྱི་བཀའ་ཁྲིམས་ཡིན་ནོ། ། 8 གལ་སྲིད་བུད་མེད་ཀྱིས་ལུ་གུ་ཞིག་འབུལ་བར་མི་ནུས་ན། ཁོ་མོས་བྱ་ཐི་བ་གཉིས་སམ་ཕུག་རོན་ཆུང་ངུ་གཉིས་ཁྱེར་འོངས་ནས་གཅིག་ནི་སྦྱིན་སྲེག་དང་། ཅིག་ཤོས་ནི་སྡིག་བཤགས་མཆོད་པར་འབུལ་དགོས། མཆོད་དཔོན་གྱིས་ཁོ་མོའི་སྡིག་པ་བཤག་དགོས་ལ་ཁོ་མོ་གཙང་མར་འགྱུར་ཞེས་སྨྲ་དགོས་པར་བཀའ་བསྩལ་ཏོ། །