ལེའུ་བཅུ་གསུམ་པ།
པགས་ནད་ཀྱི་ཁྲིམས།
དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། གལ་སྲིད་སུ་ཞིག་གི་ལུས་ཀྱི་སྐྱི་མོ་ལ་སྐྲངས་འབུར་རམ་སིབ་རྒྱས་པ། ཡང་ན་ཁྲ་ཐིག་ལྷུང་བ་བཅས་མཛེ་ནད་དུ་འགྱུར་སྲིད་པའི་ནད་ཡམས་བྱུང་ཚེ། མི་དེ་མཆོད་དཔོན་ཨ་རོན་ནམ། ཡང་ན་དེའི་བུ་མཆོད་དཔོན་ཡིན་པ་རྣམས་ལས་གཅིག་གི་དྲུང་དུ་འཁྲིད་དགོས་པ་དང་། མཆོད་དཔོན་གྱིས་དེའི་ལུས་ཀྱི་སྐྱི་མོའི་ནད་རྟགས་ལ་བརྟགས་ནས། ནད་ཡོད་སའི་བ་སྤུ་རྣམས་དཀར་པོར་གྱུར་ཅིང་། ནད་ཡམས་དེ་ལུས་ཀྱི་སྐྱི་མོའི་ནང་དུ་འཐིམ་ཡོད་པ་མཐོང་ན། དེ་ནི་མཛེ་ནད་ཀྱི་རྟགས་ཡིན་པས། མཆོད་དཔོན་གྱིས་བརྟག་དཔྱད་བྱས་རྗེས་མི་དེ་མི་གཙང་བ་ཡིན་པར་བསྒྲག་དགོས། གལ་སྲིད་མི་དེའི་ལུས་ཀྱི་སྐྱི་མོ་ལ་ཁྲ་ཐིག་དཀར་པོ་ཡོད་ཀྱང་དེ་ནི་སྐྱི་མོའི་ནང་དུ་འཐིམ་མེད་པ་དང་། དེའི་སྟེང་གི་བ་སྤུ་རྣམས་ཀྱང་དཀར་པོར་གྱུར་མེད་ན། མཆོད་དཔོན་གྱིས་ནད་པ་དེ་ཉིན་བདུན་ལ་ལོགས་སུ་འགེར་དགོས། ཉིན་བདུན་པར་མཆོད་དཔོན་གྱིས་དེར་བརྟག་དགོས་ཤིང་། ལྟོས་དང་། གལ་སྲིད་མཆོད་དཔོན་གྱིས་ནད་ཡམས་གཟུགས་མ་འགྱུར་བར་གནས་པ་དང་སྐྱི་མོའི་སྟེང་མ་ཁྱབ་པ་མཐོང་ན། མི་དེ་ཡང་ཉིན་བདུན་ལ་ལོགས་སུ་འགེར་དགོས། དེ་ནས་ཉིན་བདུན་པར་མཆོད་དཔོན་གྱིས་དེ་ལ་སླར་ཡང་བརྟག་དགོས་ཤིང་། ལྟོས་དང་། གལ་ཏེ་ནད་ཡམས་ཇེ་ཡང་དུ་སོང་བ་དང་སྐྱི་མོའི་སྟེང་མ་ཁྱབ་པ་མཐོང་ན། མཆོད་དཔོན་གྱིས་མི་དེ་གཙང་མ་ཡིན་པར་བསྒྲག་དགོས། ཅི་ལ་ཟེར་ན། དེ་ནི་རྨ་སྐོགས་ཙམ་ཡིན་པའི་ཕྱིར་རོ། །མི་དེས་རང་གི་གོས་རྣམས་བཀྲུ་དགོས་ལ་དེ་ནས་གཙང་མར་འགྱུར་བ་ཡིན་ནོ། ། མི་དེར་མཆོད་དཔོན་གྱིས་བརྟག་དཔྱད་བྱས་ནས་གཙང་མ་ཡིན་པར་བསྒྲགས་རྗེས། གལ་ཏེ་རྔོ་ནི་སྐྱི་མོའི་སྟེང་རྒྱ་ཆེར་ཁྱབ་ན། ཁོས་ཡང་བསྐྱར་མཆོད་དཔོན་ལ་སྟོན་དགོས། ཡང་མཆོད་དཔོན་གྱིས་དེ་ལ་བརྟག་ཅིང་། ལྟོས་དང་། རྔོ་ནི་སྐྱི་མོའི་སྟེང་ཁྱབ་ཡོད་པ་མཐོང་ན། དེ་ནི་མཛེ་ནད་ཡིན་པས་མཆོད་དཔོན་གྱིས་མི་དེ་མི་གཙང་བར་བསྒྲག་དགོས་སོ། ། གལ་སྲིད་མི་ཞིག་ལ་མཛེ་ནད་བྱུང་ན་ཁོ་རང་མཆོད་དཔོན་གྱི་དྲུང་དུ་འཁྲིད་དགོས་པ་དང་། 10 མཆོད་དཔོན་གྱིས་དེ་ལ་བརྟག་དགོས་ཤིང་། ལྟོས་དང་། སྐྱི་མོར་སྐྲངས་འབུར་དཀར་པོ་ཆགས་ནས་བ་སྤུ་དཀར་པོར་གྱུར་པ་དང་། སྐྲངས་འབུར་ནང་དུ་ཤ་གསར་སྐྱེས་པ་མཐོང་ན། 11 དེ་ནི་ཁོའི་ལུས་ཀྱི་སྐྱི་མོར་བྱུང་བའི་གཅོང་ནད་མཛེ་ནད་ཡིན་པས། མཆོད་དཔོན་གྱིས་དེ་ནི་མི་གཙང་བ་ཡིན་པར་ཁྱབ་བསྒྲག་བྱེད་དགོས་པ་དང་། མི་དེ་མི་གཙང་བ་ཡིན་པའི་ཕྱིར་ལོགས་སུ་འགེར་མི་དགོས་སོ། ། 12 གལ་སྲིད་མཛེ་ནད་སྐྱི་མོའི་གང་ས་གང་ལ་ཁྱབ་ཅིང་། མཛེ་ནད་བྱུང་བའི་མི་དེའི་སྐྱི་མོ་ཡོངས་ལ་གང་བ་དང་། མཆོད་དཔོན་གྱིས་བལྟས་ནས་མགོ་ནས་རྐང་པའི་བར་དུ་ཁྱབ་པ་ཡིན་ན། 13 མཆོད་དཔོན་གྱིས་དེ་ལ་བརྟག་དགོས་ཤིང་། ལྟོས་དང་། གལ་སྲིད་ནད་པ་དེའི་ལུས་ཡོངས་ལ་མཛེ་ནད་ཀྱིས་ཁྱབ་ཡོད་ན། མི་དེ་གཙང་མ་ཡིན་པར་ཁྱབ་བསྒྲག་བྱེད་དགོས། ཁོའི་ལུས་ཡོངས་དཀར་པོ་ཆགས་པས་གཙང་མ་ཡིན་པའོ། ། 14 འོན་ཀྱང་ཁོའི་ལུས་སྟེང་དུ་ཤ་གསར་པ་སྐྱེས་ན། མི་དེ་ནི་མི་གཙང་བ་ཡིན། 15 མཆོད་དཔོན་གྱིས་ཤ་གསར་པ་སྐྱེས་ཡོད་པ་མཐོང་ན། མི་དེ་ནི་མི་གཙང་བ་ཡིན་པར་ཁྱབ་བསྒྲག་བྱེད་དགོས། ཤ་གསར་པ་སྐྱེས་པ་ནི་མི་གཙང་ཞིང་དེ་ནི་མཛེ་ནད་ཡིན། 16 ཤ་གསར་པ་དེ་དཀར་པོར་གྱུར་ཡོད་ན། ཁོ་རང་མཆོད་དཔོན་གྱི་དྲུང་དུ་བཅར་དགོས་པ་དང་། 17 མཆོད་དཔོན་གྱིས་དེ་ལ་བརྟག་དཔྱད་བྱེད་དགོས། ལྟོས་དང་། ནད་རྟགས་དཀར་པོར་གྱུར་ཡོད་ན། མཆོད་དཔོན་གྱིས་ནད་ཡམས་བྱུང་བའི་མི་དེ་གཙང་མ་ཡིན་པར་བསྒྲག་དགོས་ལ། མི་དེ་གཙང་མར་གྱུར་པའོ། ། 18 གལ་སྲིད་སུ་ཞིག་གི་ལུས་ཀྱི་སྐྱི་མོར་རྨ་བུད་ཀྱང་སོས་པ་དང་། 19 རྨ་འབུད་ས་སྐྲངས་ནས་དཀར་པོར་གྱུར་པའམ་ཁྲ་ཐིག་དམར་སྐྱ་ཞིག་བྱུང་ན་མཆོད་དཔོན་ལ་སྟོན་དགོས། 20 མཆོད་དཔོན་གྱིས་དེ་ལ་བརྟག་དགོས་ཤིང་། ལྟོས་དང་། ནད་རྟགས་སྐྱི་མོ་ནང་འཐིམ་པ་དང་། དེའི་སྟེང་གི་བ་སྤུ་དཀར་པོར་གྱུར་ཡོད་ན། དེ་ནི་མཛེ་ནད་ཀྱིས་རྨ་བརྟོལ་བ་ཡིན་པས། མཆོད་དཔོན་གྱིས་མི་དེ་མི་གཙང་བར་བསྒྲག་དགོས་སོ། ། 21 མཆོད་དཔོན་གྱིས་དེ་ལ་བརྟག་དཔྱད་བྱས་ནས། ལྟོས་དང་། དེའི་སྟེང་དུ་བ་སྤུ་དཀར་པོ་མེད་ལ། སྐྱི་མོའི་ནང་དུའང་འཐིམ་མེད་པ་དང་། ནད་ཡམས་ཇེ་ཡང་དུ་སོང་ཡོད་ན། མཆོད་དཔོན་གྱིས་མི་དེ་ཉིན་བདུན་ལ་ལོགས་སུ་འགེར་དགོས། 22 གལ་སྲིད་ནད་དེ་སྐྱི་མོའི་སྟེང་རྒྱ་ཆེར་ཁྱབ་ན་དེ་ནི་ནད་ཡམས་ཡིན་པས། མཆོད་དཔོན་གྱིས་མི་དེ་མི་གཙང་བར་བསྒྲག་དགོས། 23 འོན་ཀྱང་ཁྲ་ཐིག་དེ་ཁ་མལ་དུ་ཡོད་ཅིང་ཁྱབ་མེད་ན། དེ་ནི་རྨ་ཤུལ་ཡིན་པས་མཆོད་དཔོན་གྱིས་མི་དེ་གཙང་མ་ཡིན་པར་བསྒྲག་དགོས་སོ། ། 24 ཡང་ལུས་ཀྱི་སྐྱི་མོ་མེས་འཚིགས་ཤིང་རྨ་ཤུལ་དུ་ཤ་གསར་པ་སྐྱེས་པ་དང་ཁྲ་ཐིག་ལྷུང་བ་དམར་སྐྱའམ་དཀར་པོ་གང་ཡིན་ཡང་། 25 མཆོད་དཔོན་གྱིས་དེ་ལ་བརྟག་དགོས་ཤིང་། ལྟོས་དང་། ཁྲ་ཐིག་སྟེང་གི་བ་སྤུ་དཀར་པོར་གྱུར་པ་དང་ནད་རྟགས་ཀྱང་ཤ་ནང་དུ་འཐིམ་ཡོད་པ་མཐོང་ན་དེ་ནི་མཛེ་ནད་མེས་འཚིག་ཤུལ་དུ་བྱུང་བ་ཡིན་ལ། མཛེ་ནད་ཀྱི་རྟགས་ཡིན་པས་མཆོད་དཔོན་གྱིས་མི་དེ་མི་གཙང་བར་བསྒྲག་དགོས། 26 གལ་སྲིད་མཆོད་དཔོན་གྱིས་དེ་ལ་བརྟག་ཅིང་། ལྟོས་དང་། ཁྲ་ཐིག་སྟེང་བ་སྤུ་དཀར་པོ་མེད་པ་དང་ཤ་ནང་དུའང་འཐིམ་མེད་ལ། ནད་ཡམས་ཀྱང་ཇེ་ཡང་དུ་སོང་ཡོད་པ་མཐོང་ན། མཆོད་དཔོན་གྱིས་མི་དེ་ཉིན་བདུན་ལ་ལོགས་སུ་འགེར་དགོས། 27 ཉིན་བདུན་པར་མཆོད་དཔོན་གྱིས་དེ་ལ་བརྟག་དགོས། གལ་ཏེ་ཁྲ་ཐིག་སྐྱི་མོའི་སྟེང་རྒྱ་ཆེར་ཁྱབ་ཡོད་ན། མཛེ་ནད་ཀྱི་རྟགས་ཡིན་པས་མཆོད་དཔོན་གྱིས་མི་དེ་ནི་མི་གཙང་བར་བསྒྲག་དགོས། 28 ཡང་ཁྲ་ཐིག་ཁ་མལ་དུ་ཡོད་ཅིང་སྐྱི་མོའི་སྟེང་མ་ཁྱབ་པར་ཇེ་ཡང་དུ་སོང་ཡོད་ན། དེ་ནི་འཚིག་ཤུལ་གྱི་སྐྲངས་འབུར་ཡིན་པ་དང་། མེས་འཚིགས་པའི་རྨ་ཤུལ་ཙམ་ཡིན་པས་མཆོད་དཔོན་གྱིས་མི་དེ་གཙང་མ་ཡིན་པར་བསྒྲག་དགོས་སོ། ། 29 གལ་སྲིད་སྐྱེས་པའམ་བུད་མེད་སུ་ཞིག་གི་མགོ་ལ་ནད་བྱུང་བའམ། ཡང་ན་སྐྱེས་པའི་ཁ་སྤུའི་ནང་ནད་ཡམས་བྱུང་ན། 30 མཆོད་དཔོན་གྱིས་ནད་ཡམས་ལ་བརྟག་དགོས་ཤིང་། ལྟོས་དང་། གལ་སྲིད་ནད་རྟགས་སྐྱི་མོའི་ནང་དུ་འཐིམ་ཡོད་པ་དང་དེའི་སྟེང་གི་བ་སྤུ་ཕྲ་མོ་མདོག་སེར་པོར་མཐོང་ན། དེ་ནི་གཡན་ནད་ཡིན་པ་དང་། མགོའམ་ཁ་སྤུའི་མཛེ་ནད་ཡིན་པས། མཆོད་དཔོན་གྱིས་མི་དེ་མི་གཙང་བར་བསྒྲག་དགོས། 31 མཆོད་དཔོན་གྱིས་གཡན་ནད་ལ་བརྟག་དགོས་ཤིང་། ནད་རྟགས་སྐྱི་མོའི་ནང་འཐིམ་མེད་པ་དང་དེའི་སྟེང་དུ་བ་སྤུ་ནག་པོའང་མེད་པ་མཐོང་ན། མཆོད་དཔོན་གྱིས་གཡན་ནད་ཕོག་པའི་མི་དེ་ཉིན་བདུན་ལ་ལོགས་སུ་འགེར་དགོས། 32 ཡང་ཉིན་བདུན་པར་མཆོད་དཔོན་གྱིས་ནད་ཡམས་དེ་ལ་བརྟག་དགོས་ཤིང་། གཡན་ནད་ཁྱབ་མེད་པ་དང་དེའི་སྟེང་དུ་བ་སྤུ་སེར་པོ་ཡང་མེད་ལ། གཡན་ནད་ཀྱི་ནད་རྟགས་ཀྱང་སྐྱི་མོའི་ནང་འཐིམ་མེད་པ་མཐོང་ན། 33 མི་དེས་སྐྲ་དང་ཁ་སྤུ་བཞར་དགོས་མོད། འོན་ཀྱང་གཡན་ནད་ཡོད་ས་བཞར་མི་རུང་ལ། མཆོད་དཔོན་གྱིས་གཡན་ནད་ཕོག་པའི་མི་དེ་སླར་ཡང་ཉིན་བདུན་ལ་ལོགས་སུ་འགེར་དགོས། 34 ཉིན་བདུན་པར་མཆོད་དཔོན་གྱིས་གཡན་ནད་ལ་བརྟག་དགོས་ཤིང་། ལྟོས་དང་། གཡན་ནི་སྐྱི་མོའི་སྟེང་ཁྱབ་མེད་པ་དང་ནད་རྟགས་ཀྱང་སྐྱི་མོའི་ནང་དུ་འཐིམ་མེད་པ་མཐོང་ན། མཆོད་དཔོན་གྱིས་མི་དེ་གཙང་མ་ཡིན་པར་བསྒྲག་དགོས་པ་དང་། མི་དེས་རང་གི་གོས་བཀྲུ་དགོས་ལ་དེ་ནས་གཙང་མར་འགྱུར་རོ། ། 35 འོན་ཀྱང་ཁོ་རང་གཙང་མ་ཡིན་པར་བསྒྲགས་རྗེས། གཡན་ནད་སྐྱི་མོའི་སྟེང་རྒྱ་ཆེར་ཁྱབ་ན། 36 མཆོད་དཔོན་གྱིས་དེ་ལ་བརྟག་དགོས་ཤིང་། གཡན་ནད་སྐྱི་མོའི་སྟེང་ཁྱབ་ཡོད་པ་མཐོང་ན། མི་དེ་ནི་མི་གཙང་བ་ཡིན་པས་མཆོད་དཔོན་གྱིས་བ་སྤུ་སེར་པོ་བཙལ་དགོས་དོན་མེད། 37 གལ་སྲིད་གཡན་ནད་མཆོད་དཔོན་གྱི་མཐོང་ངོར་འཇགས་ནས་དེའི་སྟེང་དུ་བ་སྤུ་ནག་པོ་སྐྱེས་ཡོད་ན། གཡན་ནད་སོས་པ་དང་མི་དེ་ནི་གཙང་མ་ཡིན་པས། མཆོད་དཔོན་གྱིས་མི་དེ་གཙང་མ་ཡིན་པར་བསྒྲག་དགོས་སོ། ། 38 སྐྱེས་པའམ་བུད་མེད་སུ་ཡིན་ཡང་། གལ་སྲིད་ལུས་སྟེང་གི་སྐྱི་མོར་ཁྲ་ཐིག་དཀར་པོ་བྱུང་ཡོད་ན། 39 མཆོད་དཔོན་གྱིས་དེ་ལ་བརྟག་དགོས་ཤིང་། ལྟོས་དང་། སྐྱི་མོའི་ཁྲ་ཐིག་དཀར་པོ་དེ་མོག་པོར་མཐོང་ན། དེ་ནི་རྔོ་ནད་ཀྱིས་སྐྱི་མོ་བརྟོལ་བ་ཡིན་པས་ཁོ་ནི་གཙང་མ་ཡིན་ནོ། ། 40 གལ་སྲིད་སུ་ཞིག་གི་སྐྲ་ལྷུང་ནས་སྤྱི་ཐེར་དུ་གྱུར་ན། དེ་ནི་གཙང་མ་ཡིན། 41 གལ་སྲིད་མི་དེའི་སྐྲ་འདབས་ལྷུང་ཞིང་སྤྱི་ཐེར་དུ་གྱུར་པ་ཡིན་ན། དེ་ནི་གཙང་མ་ཡིན། 42 འོན་ཀྱང་སྤྱི་གཙུག་སྤྱི་ཐེར་ཡིན་སའམ་ཐོད་སྐྲ་སྤྱི་ཐེར་ཡིན་སར་ནད་རྟགས་དམར་སྐྱ་ཡིན་ན། དེ་ནི་མཛེ་ནད་ཁོའི་སྤྱི་གཙུག་དང་ཐོད་སྐྲ་ལྷུང་སར་ཁྱབ་པ་ཡིན། 43 ཡང་མཆོད་དཔོན་གྱིས་དེ་ལ་བརྟག་དགོས་ཤིང་། ལྟོས་དང་། གལ་སྲིད་སྤྱི་གཙུག་དང་ཐོད་སྐྲ་སྤྱི་ཐེར་ཡིན་སའི་ནད་ཡམས་ཀྱི་སྐྲངས་འབུར་དེ་དམར་སྐྱ་ཡིན་ཞིང་། ལུས་སྟེང་གི་སྐྱི་མོའི་མཛེ་ནད་ལྟར་མཐོང་ན། 44 མི་དེར་མཛེ་ནད་བྱུང་བ་ཡིན་པས་མི་གཙང་བ་ཡིན། དེའི་མགོ་ལ་ནད་ཡམས་བྱུང་བ་ཡིན་པས། མཆོད་དཔོན་གྱིས་མི་དེ་མི་གཙང་བར་བསྒྲག་དགོས་སོ། ། 45 མཛེ་ནད་བྱུང་བའི་མི་ཡི་གོས་རྣམས་དབྲལ་དགོས་པ་དང་། མགོ་ཟིང་ནས་སྐྲ་བཤིག་ཅིང་། ཡ་ཁ་བཀབ་ནས་མི་གཙང་མི་གཙང་ཞེས་སྐད་ཆེན་པོས་བསྒྲག་དགོས། 46 ནད་ཡམས་ད་དུང་ཁོའི་སྟེང་དུ་ཡོད་པའི་ཚེ། ཁོ་ནི་མི་གཙང་བ་ཡིན་ལ། མི་གཙང་བ་ཡིན་པའི་རྐྱེན་གྱིས་ཁོ་གཅིག་པུར་བསྡད་ནས་སྒར་གྱི་ཕྱི་རོལ་ཏུ་གནས་དགོས་པའོ། ། 47 ཡང་གོས་ཤིག་ལ་མཛེ་ནད་འགོས་ཡོད་ན། བལ་ལྭའམ་སོ་རས་ཀྱི་གོས་སམ། 48 སོ་རས་སམ་བལ་གྱི་གཞུང་ངམ་འཕྲེད་ཐིག་གམ། ཀོ་བའམ་ཀོ་བཟོས་དངོས་པོ་གང་དང་གང་ཡང་རུང་། 49 གལ་སྲིད་གོས་སམ་ཀོ་བའམ། གཞུང་ངམ། འཕྲེད་དམ། ཡང་ན་ཀོ་བཟོས་དངོས་པོ་གང་དང་གང་ལ་མདོག་ལྗང་གུའམ་དམར་པོ་ཆགས་ཡོད་ན། དེ་ནི་མཛེ་ནད་བྱུང་བ་ཡིན་པས་མཆོད་དཔོན་ལ་སྟོན་དགོས། 50 ཡང་མཆོད་དཔོན་གྱིས་གཡན་སྤུ་དེ་ལ་བརྟག་ཅིང་། གཡན་སྤུ་སྐྱེས་པའི་དངོས་པོ་ཉིན་བདུན་ལ་ལོགས་སུ་འགེར་དགོས། 51 ཉིན་བདུན་པར་གཡན་སྤུ་ལ་བརྟག་དགོས་ཤིང་། གལ་སྲིད་གཡན་སྤུ་ནི་གོས་ཀྱི་སྟེང་དུ་ཡོད་ན། དེ་གཞུང་ངམ་འཕྲེད་ཐིག་གང་རུང་ངམ། ཡང་ན་བཀོལ་སྤྱོད་བྱེད་པའི་ཀོ་བཟོས་དངོས་པོ་གང་རུང་གི་སྟེང་ཁྱབ་པ་ཡིན་ན། དེ་ནི་མཛེ་ནད་ཁྱབ་པའི་རྟགས་ཡིན་པས་མི་གཙང་བ་ཡིན། 52 གཡན་སྤུ་སྐྱེས་པའི་གོས་ནི་གཞུང་ངམ་འཕྲེད་ཐིག་གམ། བལ་ལམ་སོ་རས་གང་ནས་ཡིན་པ་དང་། ཡང་ན་ཀོ་བཟོས་དངོས་པོ་གང་ཡིན་རུང་ཐམས་ཅད་མེ་ལ་བསྲེག་དགོས་ཏེ། དེ་ནི་མཛེ་ནད་ཁྱབ་པའི་རྟགས་ཅན་ཡིན་པས་མེ་ལ་བསྲེག་དགོས་སོ། ། 53 འོན་ཀྱང་མཆོད་དཔོན་གྱིས་དེ་ལ་བརྟག་ཅིང་། ལྟོས་དང་། གཡན་སྤུ་དེ་གོས་ཀྱི་སྟེང་དུ་ཡོད་ཀྱང་། གཞུང་ངམ་འཕྲེད་གང་རུང་ངམ། ཡང་ན་ཀོ་བཟོས་དངོས་པོའི་སྟེང་དུ་ཁྱབ་མེད་ན། 54 མཆོད་དཔོན་གྱིས་གཡན་སྤུ་སྐྱེས་པའི་དངོས་པོ་རྣམས་མི་ལ་བཀྲུ་བར་བཅུག་ནས། སླར་ཡང་ཉིན་བདུན་ལ་ལོགས་སུ་འགེར་དགོས། 55 བཀྲུས་པའི་རྗེས་སུ་མཆོད་དཔོན་གྱིས་བརྟག་དགོས་ཤིང་། ལྟོས་དང་། གཡན་སྤུ་དེ་ཁོའི་མཐོང་ངོར་མདོག་འགྱུར་མེད་ན། གཡན་སྤུ་ཁྱབ་མེད་ནའང་དེ་ནི་མི་གཙང་བ་ཡིན། དེ་ནི་ནད་ཡམས་རུལ་རྟགས་ཅན་ཡིན་པས་མདུན་རྒྱབ་གང་དུ་ཡོད་ནའང་དངོས་པོ་དེ་མེས་བསྲེག་དགོས། 56 ཅི་སྟེ་མཆོད་དཔོན་གྱིས་དེ་ལ་བརྟག་ཅིང་། ལྟོས་དང་། བཀྲུས་པའི་རྗེས་སུ་གཡན་སྤུ་མདོག་ཡལ་བ་མཐོང་ན། ཁོས་གོས་དང་ཀོ་བ་ནས་གཞུང་ངམ་འཕྲེད་དུ་གཡན་སྤུ་སྐྱེས་པའི་རིམ་པ་དབྲལ་དགོས། 57 གལ་སྲིད་གཡན་སྤུ་ཡང་བསྐྱར་གོས་ཀྱི་སྟེང་གཞུང་ངམ་འཕྲེད་ཐིག་གང་རུང་ནས་མངོན་པའམ། ཡང་ན་ཀོ་བཟོས་དངོས་པོ་གང་རུང་གི་སྟེང་ཐོན་ན། དེ་ནི་གཡན་སྤུ་རྙིང་བ་དེ་ཡང་བསྐྱར་སྐྱེས་པ་ཡིན་པས། གཡན་སྤུ་སྐྱེས་པའི་དངོས་པོ་དེ་མེས་བསྲེག་དགོས། 58 འོན་ཀྱང་བཀྲུས་ཟིན་པའི་གོས་ནི་གཞུང་ངམ་འཕྲེད་ཐིག་གམ། ཡང་ན་ཀོ་བཟོས་དངོས་པོ་གང་རུང་གི་གཡན་སྤུ་ཡལ་བ་ཡིན་ན། ད་དུང་ཡང་བསྐྱར་བཀྲུ་དགོས་ལ། དེ་ནས་གོས་དེ་གཙང་མར་གྱུར་པའོ་ཞེས་བཀའ་བསྩལ་ཏོ། ། 59 དེ་ནི་གོས་ལ་གཡན་སྤུ་སྐྱེས་པའི་བཀའ་ཁྲིམས་ཡིན་ལ། བལ་ལྭའམ་སོ་རས་གྱི་གོས་སམ། གཞུང་ངམ་འཕྲེད་ཐིག་གང་རུང་ངམ། ཡང་ན་ཀོ་བཟོས་དངོས་པོ་གང་ཡིན་རུང་། ཐམས་ཅད་ཁྲིམས་སྲོལ་འདི་བཞིན་གཙང་མི་གཙང་བསྒྲག་པའོ། །