ལེའུ་ཉེར་གཅིག་པ།
མཆོད་དཔོན་དམ་པར་འགྱུར་བའི་ཁྲིམས།
དེ་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཨ་རོན་གྱི་བུ་རྒྱུད་ལས་མཆོད་དཔོན་ཡིན་པ་རྣམས་ལ་འདི་ལྟར་སྨྲོས་ཤིག མཆོད་དཔོན་གྱིས་རང་གི་མི་མང་ཁྲོད་ཀྱི་འདས་པོའི་ཕྱིར་དུ་རང་ཉིད་སྦག་མི་རུང་། དེ་ཡང་རང་གི་རྩ་བའི་གཉེན་ཉེ་སྟེ། ཁོའི་ཕ་མ་དང་། བུ་བུ་མོ་དང་། སྤུན་མཆེད་དང་། ཡང་ན་ད་དུང་གནས་ལ་མ་སོང་བའི་ན་ཆུང་བུ་མོ་སྟེ་ལྕམ་སྲིང་ཡིན་པ་བཅས་ནི་འཕུད་དགོས། དེ་ནི་ཁོའི་ལྕམ་སྲིང་ཡིན་པའི་རྐྱེན་གྱིས་རང་ཉིད་མི་གཙང་བར་བྱས་ཆོག མཆོད་དཔོན་ནི་རང་གི་མི་མང་ཁྲོད་ཀྱི་འགོ་དཔོན་ཡིན་པས། རང་ཉིད་སྦགས་ནས་མི་གཙང་བར་བྱེད་མི་རུང་ངོ་། ། མགོ་སྤྱི་ཐེར་དུ་གཏོང་བ་དང་ཨག་ཚོམ་གྱི་སྣེ་མོ་གཅོད་མི་རུང་ལ། རང་ལུས་ཀྱི་ཤ་སྐྱི་གང་ཡང་གཅོད་མི་རུང་། ཁོ་རྣམས་ནི་དཀོན་མཆོག་གི་ཆེད་དུ་དམ་པ་ཡིན་དགོས་ལ། རང་གི་དཀོན་མཆོག་གི་མཚན་ཁྱད་དུ་གསོད་མི་རུང་། དཀོན་མཆོག་ཡ་ཝཱེའི་མེ་མཆོད་དེ་དཀོན་མཆོག་གི་ཞལ་ཟས་ནི་ཁོ་རྣམས་ཀྱིས་འདྲེན་པ་ཡིན་པས། ཁོ་ཚོ་ནི་དམ་པ་ཡིན་དགོས་སོ། ། མཆོད་དཔོན་གྱིས་སྨད་འཚོང་མ་དང་ཡང་ན་གཞན་གྱིས་སྦགས་པའི་བུད་མེད་ནི་ཆུང་མར་ལེན་མི་རུང་ལ། ཁྱོ་གས་ཕྱི་ལ་སྤྱུགས་པའི་བུད་མེད་ཀྱང་ཆུང་མར་ལེན་མི་རུང་། ཅི་ལ་ཞེ་ན། ཁོ་ནི་རང་གི་དཀོན་མཆོག་གི་ཆེད་དུ་དམ་པ་ཡིན་པས་སོ། ། མཆོད་དཔོན་གྱིས་ཁྱོད་ཀྱི་དཀོན་མཆོག་ལ་ཞལ་ཟས་འདྲེན་པས་ཁྱོད་ཀྱིས་ཁོ་ནི་དམ་པར་བཟོ་དགོས། ཁྱོད་ཀྱིས་མཆོད་དཔོན་དམ་པར་བརྩི་དགོས་ཏེ། ཅིའི་ཕྱིར་ཞེ་ན། བདག་ནི་ཁྱོད་རྣམས་དམ་པར་བཟོ་བའི་དཀོན་མཆོག་ཡ་ཝཱེ་དང་དམ་པ་ཡིན་པའི་ཕྱིར་རོ། ། མཆོད་དཔོན་གྱི་བུ་མོ་སྨད་འཚོང་མ་བྱས་ནས་རང་ཉིད་སྦགས་ན། རང་གི་ཕ་བཙོག་པར་བཟོས་པ་ཡིན་པས་ཁོ་མོ་མེས་བསྲེག་དགོས་སོ། ། 10 སྤུན་ཟླ་ཚོའི་ཁྲོད་ནས་མཆོད་དཔོན་ཆེན་པོ་བྱེད་པ་སྟེ། མགོ་ལ་འབྱུག་སྣུམ་བླུགས་པ་དང་། ལས་འགན་དམ་པ་རྒྱུན་འཛིན་བྱས་ཤིང་འཕགས་གོས་མནབས་པ་དེས། མགོ་ཟིང་ནས་སྐྲ་བཤིག་པར་མི་བྱེད་པ་དང་གོས་ཀྱང་གཤག་མི་རུང་། 11 བེམ་པོ་གང་ཡིན་ཡང་དེའི་ཉེ་སར་བཅར་མི་རུང་སྟེ། རང་གི་ཕ་མའི་ཆེད་དུ་ཡང་རང་ཉིད་སྦག་མི་རུང་ངོ་། ། 12 དཀོན་མཆོག་གི་གནས་མཆོག་འབག་པར་མི་བྱེད་པའི་ཕྱིར་དུ། མཆོད་དཔོན་ཆེན་པོ་གནས་མཆོག་གི་ཕྱི་རུ་འགྲོ་མི་རུང་སྟེ། ཁོའི་ལུས་སྟེང་དུ་དཀོན་མཆོག་གི་འབྱུག་སྣུམ་དམ་པ་ཡོད་པའི་རྐྱེན་གྱིས། དཀོན་མཆོག་གི་གནས་མཆོག་འབག་པར་མི་བྱེད་དེ། གནས་མཆོག་གི་ཕྱི་རུ་འགྲོ་མི་རུང་། བདག་ནི་ཡ་ཝཱེ་ཡིན་ནོ། ། 13 ཁོས་ན་ཆུང་བུ་མོ་ཆུང་མར་ལེན་དགོས་ཏེ། 14 མཆོད་དཔོན་ཆེན་པོས་ཡུགས་མོ་དང་ཁྱོ་གས་ཕྱི་ལ་སྤྱུགས་པའི་བུད་མེད་དང་། ཡང་ན་གཞན་གྱིས་སྦགས་པའི་སྨད་འཚོང་མ་བཅས་ནི་ཆུང་མར་ལེན་མི་རུང་། ཁོས་རང་གི་མི་མང་ཁྲོད་ཀྱི་ན་ཆུང་བུ་མོ་འབའ་ཞིག་ཆུང་མར་ལེན་དགོས། 15 ཁོས་རང་གི་མི་རིགས་ཀྱི་ཁྲོད་དུ་རང་གི་བུ་རྒྱུད་བཙོག་པར་བཟོ་མི་རུང་། ཅི་ལ་ཞེ་ན། བདག་ནི་ཁོ་རང་དམ་པར་བཟོ་མཁན་དཀོན་མཆོག་ཡ་ཝཱེ་ཡིན་ཞེས་པའོ་གསུངས་སོ།།
16 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 17 ཁྱོད་ཀྱིས་ཨ་རོན་ལ་འདི་ལྟར་སྒོས་ཤིག ཁྱོད་ཀྱི་རིགས་རྒྱུད་ལས་མི་རབས་ནས་མི་རབས་བར། དབང་བོ་སྐྱོན་ཅན་སུ་ཡིན་ཡང་ཚུར་འོངས་ནས་སོ་སོའི་དཀོན་མཆོག་ལ་ཞལ་ཟས་འདྲེན་མི་རུང་། 18 ཅི་ལ་ཞེ་ན། དབང་བོ་སྐྱོན་དང་ལྡན་པ་ནི། ལོང་བའམ། ཞ་བོའམ། ཁ་ངོ་སྐྱོན་ཅན་ནམ། ཡན་ལག་གཅིག་རིང་དྲགས་པའམ། 19 རྐང་པའམ་ལག་པར་ཆག་གྲུམ་ཤོར་བའམ། 20 སྒུར་པོ་དང་། མིའུ་ཐུང་དང་། མིག་མཛེར་ཅན་དང་། རྔོའམ་རྨ་སྐོགས་ཅན་དང་། རླིག་འབྲས་བསྣད་པ་བཅས་ནི་ཚུར་འོང་མི་རུང་ངོ་། ། 21 མཆོད་དཔོན་ཨ་རོན་གྱི་རིགས་རྒྱུད་ལས་དབང་བོ་སྐྱོན་ཅན་སུ་ཡིན་ཡང་། ཚུར་འོངས་ནས་དཀོན་མཆོག་ཡ་ཝཱེའི་མེ་མཆོད་འབུལ་མི་རུང་། དེའི་དབང་བོར་སྐྱོན་ཡོད་པས་ཚུར་འོངས་ནས་དཀོན་མཆོག་ལ་ཞལ་ཟས་འདྲེན་མི་རུང་ངོ་། ། 22 རང་གི་དཀོན་མཆོག་གི་ཞལ་ཟས་ནི་ཀུན་ལས་དམ་པའམ་དམ་པ་གང་ཡིན་ཡང་ཁོས་དེ་ཟོས་ཆོག་མོད། 23 འོན་ཀྱང་། ཁོ་རང་ཡོལ་བའི་མདུན་དུ་འོང་མི་རུང་ལ། མཆོད་ཁྲིའི་ཉེ་སར་ཡང་བཅར་མི་རུང་སྟེ། ཁོའི་དབང་བོར་སྐྱོན་ཡོད་པ་དང་བདག་གི་གནས་མཆོག་མི་སྦག་པའི་ཕྱིར་རོ། །བདག་ནི་དེ་རྣམས་དམ་པར་བཟོ་བའི་དཀོན་མཆོག་ཡ་ཝཱེ་ཡིན་ནོ་ཞེས་པའོ་གསུངས། 24 དེ་བས་མོ་ཤེ་ཡིས་ཨ་རོན་དང་ཁོའི་བུ་རྣམས་དང་། ཡེས་ར་ཨེལ་པ་ཐམས་ཅད་ལ་བཀའ་བསྒོས་སོ། །