ལེའུ་ཉེར་གཉིས་པ།
མཆོད་རྫས་བཟའ་བའི་ཁྲིམས།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 2 ཁྱོད་ཀྱིས་ཨ་རོན་དང་དེའི་བུ་རྣམས་ལ་འདི་ལྟར་བསྒོ་བར་གྱིས། ཁྱོད་ཅག་གིས་བདག་གི་མཚན་དམ་པ་ཁྱད་དུ་མི་གསོད་པའི་ཕྱིར། ཡེས་ར་ཨེལ་པ་རྣམས་ཀྱིས་བདག་གི་ཆེད་དུ་དམ་པར་བསྔོས་པའི་རྫས་རྣམས་གཟབ་གཟབ་བྱས་ནས་བསྲུང་དགོས་ལ། བདག་ནི་ཡ་ཝཱེ་ཡིན་ནོ་ཞེས་དང་། 3 ཡང་དེ་དག་ལ་འདི་ལྟར་སྨྲོས་ཤིག ཁྱོད་ཀྱི་རིགས་རྒྱུད་ཀྱི་མི་རབས་ཀུན་ལས་སུ་ཡིན་ཡང་། ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་ཆེད་དུ་དམ་པར་བསྔོས་པའི་རྫས་དང་ཉེ་བར་གཅར་མཁན་དེ་མི་གཙང་བ་ཡིན་ན། མི་དེ་ནི་ངའི་སྤྱན་སྔ་ནས་མེད་པར་གཏོང་ངེས་ཡིན། བདག་ནི་ཡ་ཝཱེ་ཡིན་ནོ། ། 4 ཨ་རོན་གྱི་བུ་རྒྱུད་ལས་མཛེ་ནད་ཅན་དང་། ཡང་ན་འཛིར་ནད་ཡོད་པ་སུ་ཡིན་ཡང་གཙང་མར་མ་གྱུར་བར་དུ། རྫས་དམ་པ་དག་ལས་བཟའ་མི་རུང་། སུ་ཞིག་གིས་བེམ་པོའི་རྐྱེན་གྱིས་མི་གཙང་བར་གྱུར་པའི་རྫས་དང་ཁུ་བ་ཟགས་པའི་མི་ལ་རེག་པའམ། 5 ཡང་ན་ཁོ་རང་མི་གཙང་བར་བཟོ་བའི་ལྟོ་འགྲོ་སྲོག་ཆགས་སམ་མི་གང་དང་གང་ལ་རེག་པ་ཡིན་ན། མི་དེར་མི་གཙང་བའི་ཆ་གང་ཞིག་ཡོད་ནའང་། 6 དེ་རྣམས་ལ་རེག་པའི་མི་ནི་དགོང་མོའི་བར་དུ་མི་གཙང་བ་ཡིན་ཏེ། ལུས་པོ་ཆུས་མ་བཀྲུས་ན་རྫས་དམ་པ་ལས་བཟའ་མི་རུང་། 7 ཉི་མ་ནུབ་པའི་དུས་སུ་ཁོ་རང་གཙང་མར་འགྱུར་ཞིང་། དེའི་རྗེས་སུ་རྫས་དམ་པ་ལས་བཟའ་རུང་བ་ཡིན། ཅིའི་ཕྱིར་ཞེ་ན། དེ་ནི་ཁོའི་ཁ་ཟས་ཡིན་པའི་ཕྱིར་རོ། ། 8 ཡང་རང་ཉིད་མི་སྦག་པའི་ཕྱིར་ཁོས་རང་བཞིན་གྱིས་ཤི་བའམ་གཅན་གཟན་གྱིས་བསད་པའི་ཤ་ནི་བཟའ་མི་རུང་། བདག་ནི་ཡ་ཝཱེ་ཡིན། 9 བདག་གི་བཀའ་རྣམས་ཁྱད་དུ་བསད་པའི་རྐྱེན་གྱིས་རང་གི་སྡིག་པ་ཁུར་ནས་འཆི་བར་མི་འགྱུར་བའི་ཆེད་དུ་བསྲུང་དགོས། བདག་ནི་དེ་དག་དམ་པར་བྱེད་པའི་དཀོན་མཆོག་ཡ་ཝཱེ་ཡིན་པའོ། ། 10 དེ་ཡང་ཕྱི་མི་སུ་ཡིན་ཡང་རྫས་དམ་པ་རྣམས་བཟའ་མི་རུང་སྟེ། མཆོད་དཔོན་ཚང་གི་མགྲོན་པོའམ་གླ་པ་སུ་ཡིན་ཡང་རྫས་དམ་པ་ལས་བཟའ་མི་རུང་། 11 གལ་སྲིད་མཆོད་དཔོན་གྱིས་རང་གི་དངུལ་སྤྲད་ནས་ཉོས་པའི་མི་ཡིན་ན་དེས་རྫས་དམ་པ་བཟའ་རུང་བ་དང་། རང་ཁྱིམ་ནས་སྐྱེས་པ་དག་གིས་ཀྱང་དེའི་ཁ་ཟས་ལས་བཟའ་རུང་བ་ཡིན་ནོ། ། 12 གལ་སྲིད་མཆོད་དཔོན་གྱི་བུ་མོ་ཕྱི་མི་ཞིག་ལ་གཉེན་བསྒྲིགས་ན། དེས་འདེགས་མཆོད་ཀྱི་རྫས་དམ་པ་བཟའ་མི་རུང་བ་ཡིན། 13 ཅི་སྟེ་མཆོད་དཔོན་གྱི་བུ་མོ་ཡུགས་མོ་རུ་ལུས་པའམ་ཁྱོ་གས་བཟའ་འཐོར་བྱས་ནས། ཕྲུ་གུ་མེད་པར་གཞོན་དུས་དང་འདྲ་བར་ཕ་གཞིས་སུ་ཕྱིར་ལོག་ན། རང་གི་ཕ་ཡི་ཁ་ཟས་ལས་བཟའ་རུང་མོད། འོན་ཀྱང་ཕྱི་མི་སུ་ཡིན་ཡང་དེ་ལས་བཟའ་མི་རུང་ངོ་། ། 14 གལ་སྲིད་མི་ཞིག་གིས་མ་ཤེས་པར་རྫས་དམ་པ་ལས་ཟོས་ན། དེས་རྫས་དམ་པའི་ཁར་ལྔ་ཆ་གཅིག་བསྣན་ཏེ་མཆོད་དཔོན་ལ་སྤྲོད་དགོས། 15 ཡང་ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་རྫས་དམ་པ་ནི་མཆོད་དཔོན་གྱིས་སྦག་མི་རུང་སྟེ། 16 དེ་བཞིན་བྱས་ན་ཁོ་རྣམས་ཀྱིས་རྫས་དམ་པ་ཟོས་ནས་རང་གིས་རང་ལ་ནག་ཉེས་འགེལ་བར་འགྱུར། ཅི་ལ་ཞེ་ན། བདག་ནི་དེ་རྣམས་དམ་པར་བྱེད་པའི་དཀོན་མཆོག་ཡ་ཝཱེ་ཡིན་ཞེས་པའོ་གསུངས་སོ། །
ཐུགས་སུ་ལྡན་པའི་མཆོད་པ།
17 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 18 ཁྱོད་ཀྱིས་ཨ་རོན་དང་ཁོའི་བུ་རྣམས་དང་། ཡེས་ར་ཨེལ་པ་ཐམས་ཅད་ལ་འདི་ལྟར་སྒོས་ཤིག ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དང་ཡེས་ར་ཨེལ་གྱི་ཁྲོད་དུ་གནས་པའི་བྱེས་པ་རྣམས་ལས་སུ་ཞིག་གིས་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་གི་མཆོད་པ་འབུལ་ན། དམ་བཅས་པ་བཞིན་དུ་སྒྲུབ་པའམ་ཡིད་མོས་མཆོད་པ་གང་ཡིན་ཡང་། 19 སྐྱོན་གང་ཡང་མེད་པའི་བ་གླང་ཞིག་གམ། ཡང་ན་ཕོ་ལུག་དང་། ཡང་ན་ར་ཕོ་ཞིག་འབུལ་དགོས་ཤིང་། དེ་ལྟར་བྱས་ན་ཁྱོད་རྣམས་ད་གཟོད་ཁོང་གི་ཐུགས་སུ་ལྡན་པ་ཡིན། 20 སྐྱོན་དང་ལྡན་པ་གང་ཡིན་ཡང་འབུལ་མི་རུང་སྟེ། དེ་ལྟར་བྱས་ན་ཁོང་གི་ཐུགས་སུ་མི་ལྡན་པའི་ཕྱིར་རོ། ། 21 གལ་སྲིད་སུ་ཞིག་གིས་དམ་བཅས་པ་བཞིན་དུ་བསྒྲུབ་པའི་ཆེད་དུའམ། ཡིད་མོས་མཆོད་པ་རུ་བ་ཁྱུ་དང་ར་ལུག་གི་ཁྱུ་ནས་དཀོན་མཆོག་ཡ་ཝཱེ་ལ་ཞི་བདེའི་མཆོད་པ་འབུལ་ན། ཁོང་གི་ཐུགས་སུ་ལྡན་པའི་ཕྱིར་མཆོད་པ་དེ་ནི་ནད་མེད་པ་དང་སྐྱོན་གང་ཡང་མེད་པ་ཞིག་ཡིན་དགོས། 22 ལོང་བའམ། ཞ་བོའམ། སུག་རྡུམ་མམ། ཤ་མཛེར་ཅན་དང་རྔོ་ཅན་ནམ། རྨ་ཅན་བཅས་གང་ཡིན་ཡང་དཀོན་མཆོག་ཡ་ཝཱེ་ལ་འབུལ་མི་རུང་སྟེ། མཆོད་ཁྲིའི་སྟེང་དུ་དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་དུ་འབུལ་བར་མི་རིགས་སོ། ། 23 བ་གླང་ངམ་ལུ་གུ་གང་ཡིན་ཡང་། སུག་པ་གཅིག་རིང་དྲགས་པའམ་ཐུང་དྲགས་ན། དེ་ནི་ཡིད་མོས་མཆོད་པ་འབའ་ཞིག་ཏུ་འབུལ་རུང་བ་ཡིན་ལ། དམ་བཅས་པ་བཞིན་དུ་བསྒྲུབ་པའི་ཆེད་དུ་ཡིན་ན་དེ་ནི་ཐུགས་ལ་མི་ལྡན་ནོ། ། 24 ཡང་རླིག་འབྲས་བསྣད་པའམ། བརྫིས་པའམ། གཤགས་པའམ། བཅད་པ་སོགས་གང་ཡིན་ཡང་དཀོན་མཆོག་ཡ་ཝཱེ་ལ་འབུལ་མི་རུང་ཞིང་། ཁྱོད་ཅག་གི་ཡུལ་དུ་དེ་ལྟ་བུ་བྱེད་མི་རུང་ངོ་། ། 25 ཕྱི་མིའི་ལག་ནས་ཐོབ་པའི་སྲོག་ཆགས་དེའི་རིགས་གང་དང་གང་ཡིན་ཡང་། ཁྱོད་རྣམས་ཀྱི་དཀོན་མཆོག་གི་ཞལ་ཟས་སུ་འབུལ་མི་རུང་། ཅི་ལ་ཞེ་ན། དེ་དག་ལ་ཡན་ལག་མི་ཚང་བ་དང་སྐྱོན་ཡོད་པས། ཁྱོད་རྣམས་ཀྱི་ཕྱིར་དེ་དག་ཐུགས་སུ་ལྡན་པར་མི་འགྱུར་བས་སོ་ཞེས་པའོ་གསུངས་སོ།།
26 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 27 བཙས་མ་ཐག་གི་བ་ཕྲུག་དང་། ལུ་གུའམ། རེའུ་བཅས་ནི་ཉིན་བདུན་ལ་མ་དང་མཉམ་དུ་འདུག་དགོས་ལ། ཉིན་བརྒྱད་པ་ནས་བཟུང་སྟེ་མེ་མཆོད་ཀྱི་མཆོད་པ་བྱས་ནས་དཀོན་མཆོག་ཡ་ཝཱེ་ལ་འབུལ་རུང་བ་དང་། དེ་ནི་ཁོང་གི་ཐུགས་སུ་ལྡན་པ་ཡིན། 28 བ་གླང་དང་ར་ལུག་གང་ཡིན་ཡང་། དེ་དང་དེའི་ཕྲུ་གུ་གཉིས་ཉིན་གཅིག་ལ་བཤའ་མི་རུང་བ་དང་། 29 ཁྱོད་རྣམས་ཀྱིས་དམར་མཆོད་བཤས་ནས་དཀོན་མཆོག་ཡ་ཝཱེ་ལ་གཏང་རག་གི་མཆོད་པ་འབུལ་བའི་ཚེ། ཁྱོད་ཅག་གིས་ཁོང་གི་ཐུགས་སུ་ལྡན་པ་ཞིག་འབུལ་དགོས་སོ། ། 30 དེ་ནི་ཉིན་དེ་རང་དུ་བཟའ་དགོས་པ་དང་། ཞོགས་པའི་བར་དུ་ཅི་ཡང་ལུས་སུ་འཇུག་མི་རུང་། བདག་ནི་ཡ་ཝཱེ་ཡིན་ནོ། ། 31 ཁྱོད་རྣམས་ཀྱིས་བདག་གི་བཀའ་རྣམས་བསྲུངས་ནས་དེ་བཞིན་དུ་བསྒྲུབ་དགོས། བདག་ནི་ཡ་ཝཱེ་ཡིན་ནོ། ། 32 བདག་གི་མཚན་དམ་པ་ཁྱད་དུ་མ་གསོད་ཅིག བདག་ནི་ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་དམ་པར་བཀུར་ཞིང་། བདག་ནི་ཁྱོད་ཅག་དམ་པར་བཟོ་མཁན་དཀོན་མཆོག་ཡ་ཝཱེ་ཡིན་ལ། 33 ཁྱོད་ཅག་གི་དཀོན་མཆོག་ཡིན་པའི་ཆེད་དུ། ཁྱོད་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་འོངས་པ་དང་། བདག་ནི་ཡ་ཝཱེ་ཡིན་ནོ་ཞེས་གསུངས་སོ། །