ལེའུ་ཉེར་བཞི་པ།
སྒྲོན་མེ་རྣམས།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 2 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག འོད་ཀྱི་ཆེད་དུ་སྐྱུ་རུ་ཤིང་ལས་བརྡུངས་པའི་སྣུམ་དྭངས་མ་དེ་འཁྱེར་ཡོང་དགོས། དེ་ནི་སྒྲོན་མེ་རྟག་ཏུ་འབར་བའི་ཕྱིར་ཡིན། 3 མཇལ་འཕྲད་གུར་མཆོག་ནང་གི་དཔང་མཛད་ཤུར་སྒམ་གྱི་ཡོལ་བའི་ཕྱི་ལོགས་སུ། ཨ་རོན་གྱིས་མཚན་མོ་ནས་ཞོགས་པའི་བར་དུ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་སྒྲོན་མེ་དེར་རྒྱུན་དུ་བདག་བྱེད་དགོས། དེ་ནི་ཁྱོད་རྣམས་ཀྱི་མི་རབས་ནས་མི་རབས་བར་དུས་གཏན་གྱི་སྒྲིག་ཁྲིམས་སུ་ཆགས་དགོས། 4 ཁོས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་རྟག་ཏུ་གསེར་བཙོ་མའི་སྒྲོན་སྟེགས་སྟེང་གི་སྒྲོན་མེ་ལ་བདག་བྱེད་དགོས་སོ། །
གུར་མཆོག་ནང་གི་བག་ལེབ།
5 དེ་ནས་ཁྱོད་ཀྱིས་གྲོ་ཞིབ་བླངས་ནས་བག་ལེབ་བཅུ་གཉིས་བསྲེག་དགོས་པ་དང་། བག་ལེབ་རེ་རེ་ཨེ་ཕཱ་ཡི་བཅུ་ཆ་གཉིས་རེས་བསྲེག་དགོས། 6 དེ་ནས་བག་ལེབ་དྲུག་རེ་བྱས་ནས་གྲལ་གཉིས་སུ་བསྒྲིགས་ཏེ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་གསེར་བཙོ་མའི་སྒྲོག་ཙེ་སྟེང་དུ་བཤམ་དགོས་ལ། 7 གྲལ་རེའི་བག་ལེབ་སྟེང་དུ་སྤོས་དཀར་སླད་མེད་གཏོར་བ་དང་། དྲན་རྟེན་བྱས་ནས་དཀོན་མཆོག་ཡ་ཝཱེ་ལ་ཞལ་ཟས་ཀྱི་མེ་མཆོད་དུ་འབུལ་དགོས། 8 ངལ་གསོ་བའི་ཉིན་མོ་རེ་རེ་ལ་ཨ་རོན་གྱིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་བག་ལེབ་ཆད་མེད་དུ་བཤམ་དགོས། དེ་ནི་ཡེས་ར་ཨེལ་པ་རྣམས་ཀྱི་དུས་གཏན་གྱི་ཁ་ཆད་ཅིག་ཡིན། 9 བག་ལེབ་དེ་ནི་ཨ་རོན་དང་ཁོའི་བུ་རྣམས་ལ་དབང་བ་དང་། ཁོ་ཚོས་དེ་དག་གནས་དམ་པ་རུ་བཟའ་དགོས། ཅིའི་ཕྱིར་ཞེ་ན། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་མེ་མཆོད་ལས་ཀུན་ལས་དམ་པ་ཡིན་པ་དང་། དུས་གཏན་དུ་ཁོང་ལ་དབང་བའི་སྐལ་ཡིན་ཞེས་གསུངས་སོ། །
སྐུར་བ་འདེབས་མཁན་ལ་ཉེས་ཆད་གཅོད་པ།
10 དེ་ཡང་ཡེས་ར་ཨེལ་གྱི་བུད་མེད་ཅིག་ལ་བུ་ཞིག་ཡོད་པ་དེའི་ཕ་ནི་ཨེ་ཅིབ་པ་ཡིན་ལ། ཁོ་རང་ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་སོང་ནས། ཡེས་ར་ཨེལ་གྱི་བུད་མེད་ཀྱི་བུ་དེ་དང་ཡེས་ར་ཨེལ་པ་ཞིག་སྒར་ནང་དུ་རྩོད་པ་བྱས་པ་དང་། 11 ཡེས་ར་ཨེལ་གྱི་བུད་མེད་ཀྱི་བུ་ཡིས་མཚན་* མཚན་ཞེས་པ་འདི་དཀོན་མཆོག་ཡ་ཝཱེའི་མཚན་ལ་གོ་དགོས།དམ་པར་དམོད་མོ་དང་བཅས་སྐུར་བ་བཏབ་པས། དེ་དག་གིས་མི་དེ་མོ་ཤེའི་དྲུང་དུ་ཁྲིད། ཁོའི་མ་ཡི་མིང་ལ་ཤེ་ལོ་མིད་ཅེས་བྱ་ཞིང་། དཱན་ཚོ་པའི་དི་པཱ་རེ་བྱ་བའི་བུ་མོ་ཡིན་ནོ། ། 12 དཀོན་མཆོག་ཡ་ཝཱེའི་བཀའ་གསལ་པོར་རྟོགས་ཕྱིར་ཁོ་ཚོས་མི་དེ་བཙོན་དུ་བཀག་པའོ། །
13 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 14 དམོད་མོ་འདེབས་མཁན་དེ་སྒར་གྱི་ཕྱི་རོལ་ཏུ་ཁྲིད་ཅིག དེ་ཐོས་པའི་མི་ཐམས་ཅད་ཀྱིས་ལག་པ་ཁོའི་མགོ་ལ་བཞག་ནས་མི་ཚོགས་ཧྲིལ་པོས་ཁོ་རང་རྡོ་རུབ་བཏང་ནས་གསོད་དགོས། 15 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག སུ་ཞིག་གིས་རང་གི་དཀོན་མཆོག་ལ་དམོད་པར་བྱས་ན། དེས་རང་གི་སྡིག་པ་འཁུར་དགོས། 16 སུ་ཞིག་གིས་དཀོན་མཆོག་ཡ་ཝཱེའི་མཚན་ལ་སྐུར་བ་བཏབ་ན། དེ་ནི་ཅིས་ཀྱང་སྲོག་དང་འཕྲལ་དགོས་པ་དང་། མི་ཚོགས་ཧྲིལ་པོས་ཁོ་རང་རྡོ་རུབ་བཏང་ནས་གསོད་དགོས། བྱེས་པའམ་གཞིས་སྐྱེས་གང་ཡིན་ཡང་། ཁོས་དམ་པའི་མཚན་ལ་སྐུར་བ་འདེབས་དུས་སྲོག་དང་འཕྲལ་དགོས་སོ། ། 17 མི་གསོད་མཁན་ནི་ངེས་པར་སྲོག་དང་འཕྲལ་དགོས། 18 ཕྱུགས་ཟོག་གསོད་མཁན་གྱིས་དེའི་སྐྱིན་ཚབ་ལ་ཕྱུགས་ཟོག་སྤྲད་ནས། སྲོག་ཚབ་སྲོག་གིས་འཇལ་དགོས། 19 སུ་ཞིག་གིས་ཁྱིམ་མཚེས་ལ་གནོད་བསྐྱལ་ན། མི་དེས་བྱས་པ་བཞིན་དུ་ཁོ་ལའང་དེ་ལྟར་བྱེད་དགོས་པ་འདི་ལྟ་སྟེ། 20 བཅགས་པའི་ལན་དུ་བཅགས་པ་དང་། མིག་ལ་མིག་ལན་དང་སོ་ལ་སོ་ལན་འཇལ་དགོས། མི་དེས་ཇི་ལྟར་མི་གཞན་ཞིག་དབང་བོ་སྐྱོན་ཅན་དུ་བཟོས་ན། ཁོ་ལའང་དེ་བཞིན་བྱེད་དགོས། 21 ཕྱུགས་ཟོག་གསོད་མཁན་གྱིས་དེའི་སྐྱིན་ཚབ་ལ་ཕྱུགས་ཟོག་འཇལ་དགོས་པ་དང་། མི་གསོད་མཁན་ལ་སྲོག་ཆད་གཅོད་དགོས། 22 བྱེས་པའམ་གཞིས་སྐྱེས་གང་ཡིན་ཡང་ཁྲིམས་སྲོལ་གཅིག་ཡིན་དགོས། ཅི་ལ་ཞེ་ན། བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་ཞེས་པའོ་གསུངས་སོ།། 23 དེ་ནས་མོ་ཤེ་ཡིས་ཡེས་ར་ཨེལ་པ་རྣམས་ལ་བཀའ་བསྒོས་ཤིང་། ཁོ་རྣམས་ཀྱིས་དམོད་མོ་འདེབས་མཁན་དེ་སྒར་གྱི་ཕྱི་རོལ་ཏུ་ཁྲིད་དེ་རྡོ་རུབ་བཏང་ནས་བསད་དོ། །ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བསྩལ་པའི་བཀའ་བཞིན་དུ་བསྒྲུབས་པའོ། །