ལེའུ་ཉེར་ལྔ་པ།
ངལ་གསོ་བའི་ལོ།
དེ་ཡང་དཀོན་མཆོག་ཡ་ཝཱེས་རི་བོ་སི་ནཱའི་སྟེང་དུ་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག ཁྱོད་རྣམས་བདག་གིས་ཁྱོད་ཅག་ལ་སྦྱིན་པའི་ཡུལ་དུ་སླེབས་པའི་ཚེ། དཀོན་མཆོག་ཡ་ཝཱེའི་ཕྱིར་དུ་ས་གཞིས་ངལ་གསོ་བྱེད་དགོས། ཁྱོད་རྣམས་ཀྱིས་ལོ་དྲུག་གི་རིང་ཞིང་ལ་ས་བོན་འདེབས་པ་དང་། ལོ་དྲུག་གི་རིང་རྒུན་འབྲུམ་ར་བར་འབྲེག་བཅོས་བྱས་ནས་ས་ཞིང་གི་ལོ་ཏོག་བསྡུ་དགོས། ལོ་བདུན་པར་ས་གཞིས་ངལ་གསོ་ཡོངས་སུ་རྫོགས་པ་བྱས་ཏེ། དཀོན་མཆོག་ཡ་ཝཱེའི་ཕྱིར་ངལ་གསོ་བྱེད་དགོས། ཁྱོད་རྣམས་ཀྱིས་ས་ཞིང་འདེབས་མི་རུང་ལ། རྒུན་འབྲུམ་ར་བར་འབྲེག་བཅོས་ཀྱང་བྱེད་མི་རུང་ངོ་། ། རང་བཞིན་དུ་སྐྱེས་པའི་ལོ་ཏོག་བསྡུ་མི་རུང་ལ། འབྲེག་བཅོས་མ་བྱས་པའི་རྒུན་འབྲུམ་ཤིང་གི་རྒུན་འབྲུམ་ཡང་བསྡུ་མི་འོས། ལོ་དེར་ས་གཞིས་ངལ་གསོ་ཡོངས་སུ་རྫོགས་པ་བྱེད་དགོས་སོ། ། ངལ་གསོའི་ལོར་ས་ཞིང་ལས་སྐྱེས་པ་དེ་ནི་ཁྱོད་དང་ཁྱོད་ཀྱི་གཡོག་པོ་གཡོག་མོ་དང་། གླ་པ་དང་ཁྱོད་དང་མཉམ་དུ་སྡོད་པའི་བྱེས་པ་བཅས་ཀྱི་ཁ་ཟས་ཡིན། ལོ་ཏོག་ཐམས་ཅད་ནི་ཁྱོད་ཀྱི་ཕྱུགས་ཟོག་དང་ཡུལ་དེར་ཡོད་པའི་རི་དྭགས་ཀྱི་ཁ་ཟས་ཀྱང་ཡིན་ནོ། །
དགའ་སྟོན་གྱི་ལོ།
ཁྱོད་ཀྱིས་ངལ་གསོའི་ལོ་བདུན་བརྩི་དགོས་པ་སྟེ། ལོ་བདུན་ནི་ཐེངས་བདུན་ཡིན་པས། ཁྱོན་བསྡོམས་ལོ་བཞི་བཅུ་ཞེ་དགུ་ཡིན། ཟླ་བ་བདུན་པའི་ཚེས་བཅུ་པར་ཁྱོད་ཀྱིས་རྭ་དུང་སྐད་ཆེན་པོ་འབུད་དགོས། དེ་ནི་སྡིག་བཤགས་ཉིན་མོ་ཡིན་ལ་ཁྱོད་ཀྱིས་ཡུལ་ཐམས་ཅད་ནས་རྭ་དུང་འབུད་དགོས། 10 ཁྱོད་ཅག་གིས་ལོ་ལྔ་བཅུ་པ་ནི་ལོ་དམ་པ་རུ་བརྩི་བ་དང་། ཡུལ་ཐམས་ཅད་དུ་མི་ཀུན་ལ་རང་དབང་ཡིན་པར་སྒྲོགས་ཤིག དེ་ནི་ཁྱོད་ཅག་གི་དོན་དུ་དགའ་སྟོན་གྱི་ལོ་ཡིན་པས། མི་རེ་རེ་ཕྱིར་ཕ་གཞིས་སུ་ལོག་པ་དང་། མི་རེ་རེ་རང་རང་གི་ཁྱིམ་རྒྱུད་དུ་ལོག་པར་རིགས་སོ། ། 11 ལོ་ལྔ་བཅུ་པ་ནི་ཁྱོད་རྣམས་ཀྱི་དགའ་སྟོན་གྱི་ལོ་རུ་བརྩི་དགོས་ལ། ས་ཞིང་འདེབས་མི་རུང་བ་དང་རང་བཞིན་གྱིས་སྐྱེས་པའི་ལོ་ཏོག་བསྡུ་མི་འོས་ལ། འབྲེག་བཅོས་མ་བྱས་པའི་རྒུན་འབྲུམ་ཤིང་གི་རྒུན་འབྲུམ་ཡང་བསྡུ་མི་རུང་། 12 ཅིའི་ཕྱིར་ཞེ་ན། དེ་ནི་དགའ་སྟོན་གྱི་ལོ་སྟེ་ཁྱོད་རྣམས་ཀྱི་ལོ་དམ་པ་ཡིན་ཞིང་། ས་ཞིང་དུ་སྐྱེས་པའི་ལོ་ཏོག་རྣམས་བཟའ་དགོས་པའོ། ། 13 དགའ་སྟོན་གྱི་ལོ་འདིར་ཁྱོད་ཚོ་མི་རེ་རེ་ཕ་གཞིས་སུ་ཕྱིར་ལོག་དགོས་པ་དང་། 14 ཁྱོད་ཀྱིས་ཁྱིམ་མཚེས་ལ་གང་ཞིག་བཙོང་བའམ། ཡང་ན་ཁྱིམ་མཚེས་ཀྱི་ལག་ནས་ཅི་ཞིག་ཉོས་ན་ཕན་ཚུན་ལ་མགོ་སྐོར་གཏོང་མི་རུང་། 15 ཁྱོད་ཀྱིས་དགའ་སྟོན་གྱི་ལོ་ནས་བཟུང་སྟེ། ལོ་དེ་དག་གི་གྲངས་བཞིན་དུ་ཁྱིམ་མཚེས་ནས་ཉོ་བ་དང་། ཁོས་ནི་ཐོན་འབབ་ཡོད་པའི་ལོ་གྲངས་བཞིན་དུ་ཁྱོད་ལ་བཙོང་དགོས། 16 ཁོས་ཐོན་འབབ་ཀྱི་གྲངས་ཀ་བཞིན་དུ་ཁྱོད་ལ་བཙོང་བའི་ཕྱིར། ལོ་གྲངས་ཅི་ལྟར་མང་ན་རིན་གོང་དེ་བཞིན་མཐོ་བ་དང་། ལོ་གྲངས་ཅི་ལྟར་ཉུང་ན་རིན་གོང་དེ་བཞིན་དམའ་བ་ཡིན་ནོ། ། 17 ཁྱོད་ཚོས་ཕན་ཚུན་ལ་གྱོང་གུད་བཟོ་མི་རུང་། ཁྱོད་ཀྱི་དཀོན་མཆོག་ལ་གུས་ཤིང་འཇིགས་དགོས། ཅི་ལ་ཞེ་ན། བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་པའོ། ། 18 ཁྱོད་རྣམས་ཀྱིས་བདག་གི་སྒྲིག་ཁྲིམས་བཞིན་དུ་བྱེད་པ་དང་། བདག་གི་སྲོལ་ཡིག་རྣམས་བསྲུངས་ནས་དེ་བཞིན་དུ་བྱེད་དགོས་ལ། དེ་བཞིན་བྱས་ན་ཡུལ་དེ་རུ་བདེ་བར་གནས་ཐུབ་པ་ཡིན། 19 ས་ཞིང་གིས་འབྲས་བུ་བསྐྱེད་ཅིང་ཁྱོད་རྣམས་ཀྱིས་དེ་ཟོས་ནས་འགྲང་བ་དང་། ཡུལ་དེ་རུ་བདེ་བར་གནས་པར་འགྱུར་རོ། ། 20 གལ་སྲིད་ཁྱོད་རྣམས་ཀྱིས། གཟིགས་དང་། ལོ་བདུན་པར་ས་ཞིང་མི་རྨོ་ལ་ལོ་ཏོག་ཀྱང་མི་བསྡུ་བས་ང་ཚོས་ཅི་ཞིག་བཟའ་དགོས་སམ་ཞེས་བརྗོད་ན། 21 ལོ་དྲུག་པར་བདག་གིས་བཀའ་བབས་ཏེ་ཁྱོད་ལ་བྱིན་རླབས་གནང་ནས། ས་ཞིང་གིས་ལོ་གསུམ་གྱི་ལོ་ཏོག་བསྐྱེད་པར་འགྱུར་རོ། ། 22 ལོ་བརྒྱད་པར་ཁྱོད་རྣམས་ཀྱིས་ས་ཞིང་རྨོ་དགོས་ལ། འབྲུ་རྙིང་ཡང་བཟའ་དགོས། ལོ་དགུ་པར་ལོ་ཏོག་བསྡུ་བའི་བར་དུ་ཁྱོད་རྣམས་ལ་ད་དུང་འབྲུ་རྙིང་བཟའ་རྒྱུ་ཡོད་པའོ། །
ས་བླུ་བའི་ཁྲིམས།
23 ས་ནི་མཐའ་གཅིག་ཏུ་བཙོང་མི་རུང་། ཅི་ལ་ཞེ་ན། ས་ཞིང་ནི་བདག་གི་ཡིན་པའི་ཕྱིར་རོ། །ཁྱོད་ཅག་ནི་ངའི་མདུན་དུ་མགྲོན་པོ་དང་བྱེས་པ་ཡིན་ནོ། ། 24 ཁྱོད་ལ་ས་སྐལ་དུ་ཐོབ་པའི་ཡུལ་ཀུན་ཏུ་མི་ལ་ས་བླུ་བའི་དབང་ཡོད་པར་བྱེད་དགོས། 25 ཁྱོད་ཀྱི་སྤུན་ཟླ་དབུལ་པོར་གྱུར་ནས་རང་གི་ནོར་སྐལ་ལས་ཆ་ཤས་བཙོངས་ན། ཁོ་བླུ་མཁན་གྱི་གཉེན་ཉེ་ཡོང་ནས་གང་ཞིག་བཙོངས་པ་དེ་ཕྱིར་བླུ་དགོས། 26 གལ་སྲིད་ཁོ་ལ་བླུ་མཁན་མེད་ན། ཁོ་རང་ལ་རིམ་བཞིན་རྒྱུ་སྟོབས་འཛོམས་ནས་ཕྱིར་བླུ་ཐུབ་པའི་དུས་སུ། 27 ཕར་བཙོངས་པའི་ལོ་ནས་བཟུང་བརྩིས་ཏེ། དེའི་འཕྲོ་ཡི་ལོ་གྲངས་ཀྱི་རིན་གོང་རྣམས་ཉོ་མཁན་ལ་ཕྱིར་སློག་དགོས་ཤིང་། དེ་ནས་རང་གི་ཕ་གཞིས་ལ་ཕྱིར་ལོག་དགོས། 28 གལ་སྲིད་མི་དེའི་ལག་ཏུ་ཕྱིར་བླུ་བའི་རྒྱུ་སྟོབས་མེད་ན། ཕར་བཙོངས་པའི་ས་དེ་ནི་ཉོ་མཁན་གྱི་ལག་ནས་དགའ་སྟོན་གྱི་ལོ་ཡི་བར་དུ་ལུས་ཤིང་། དགའ་སྟོན་གྱི་ལོ་དེར་ས་འཚོང་མཁན་ནི་ཕ་གཞིས་སུ་ཕྱིར་ལོག་དགོས། 29 གལ་སྲིད་མི་ཞིག་གིས་ལྕགས་རིས་བསྐོར་བའི་གྲོང་ཁྱེར་ནང་གི་སྡོད་ཁང་བཙོངས་ན། བཙོངས་པའི་རྗེས་སུ་ལོ་གཅིག་གི་ནང་དུ་ཕྱིར་བླུ་བའི་དབང་ཡོད་ལ། དེ་ནི་ཁོས་ཕྱིར་བླུས་ཆོག་པའི་ལོ་གཅིག་གི་ཚད་ཡིན། 30 གལ་སྲིད་ཁོས་ལོ་ཧྲིལ་པོའི་ནང་ཕྱིར་མ་བླུས་ན། ལྕགས་རིས་བསྐོར་བའི་གྲོང་ཁྱེར་ནང་གི་ཁང་པ་དེ་ནི་མི་རབས་ནས་མི་རབས་བར་དུ་ཉོ་མཁན་ལ་དབང་བ་ཡིན། དགའ་སྟོན་གྱི་ལོ་ལའང་ཕྱིར་སྤྲོད་མི་དགོས། 31 འོན་ཀྱང་ལྕགས་རིས་བསྐོར་མེད་པའི་གྲོང་ཚོའི་ཁང་པ་རྣམས་ནི་གྲོང་གསེབ་ཀྱི་ཞིང་ས་རུ་བརྩིས་ཏེ་ཕྱིར་བླུ་སྲིད་པ་ཡིན་ལ། དགའ་སྟོན་གྱི་ལོ་ལ་ཕྱིར་སྤྲོད་དགོས། 32 ལེ་ཝི་པ་རྣམས་ལ་ས་སྐལ་དུ་ཐོབ་པའི་གྲོང་ཁྱེར་ལ་མཚོན་ན། ལེ་ཝི་པ་ཚོས་ཁོ་རྣམས་ཀྱི་གྲོང་ཁྱེར་དུ་ཡོད་པའི་ཁང་པ་ནི་དུས་ནམ་ཡིན་ཡང་བླུས་ཆོག་པ་ཡིན། 33 གལ་སྲིད་ལེ་ཝི་པ་རྣམས་ཀྱིས་རང་ལ་ས་སྐལ་དུ་ཐོབ་པའི་གྲོང་ཁྱེར་ནས་ཁང་པ་བཙོངས་པ་དང་། ཕྱིར་མ་བླུས་པ་ཡིན་ན། དགའ་སྟོན་གྱི་ལོ་དེར་ཕྱིར་བདག་པོར་སྤྲོད་དགོས། ཅི་ལ་ཞེ་ན། ལེ་ཝི་པ་རྣམས་ཀྱི་གྲོང་ཁྱེར་གྱི་ཁང་པ་རྣམས་ནི། ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་ཁོ་ཚོའི་ནོར་སྐལ་ཡིན་པའི་ཕྱིར་རོ། ། 34 ཡིན་ནའང་། དེ་དག་གི་གྲོང་ཁྱེར་སོ་སོའི་ཉེ་འཁོར་གྱི་རྩྭ་ས་ནི་ཁོ་ཚོའི་དུས་གཏན་གྱི་ས་སྐལ་ཡིན་པས་བཙོང་མི་རུང་ངོ་། །
སྤུན་ཟླ་དབུལ་པོ་རྣམས་ལ་བུ་ལོན་གཏོང་བའི་ཁྲིམས།
35 གལ་སྲིད་ཁྱོད་ཀྱི་སྤུན་ཟླ་རིམ་བཞིན་དབུལ་པོར་གྱུར་ཏེ་ལག་ནས་ཅི་ཡང་མེད་ན། ཁྱོད་ཀྱིས་ཁོ་ལ་རོགས་སྐྱོར་བྱས་ཏེ་ཕྱི་མི་དང་བྱེས་པ་རྣམས་དང་མཚུངས་པར་ཁོ་རང་ཁྱོད་དང་མཉམ་དུ་འཚོ་བར་གྱིས་ཤིག 36 མི་དེ་ལས་སྐྱེད་ཀ་ལེན་མི་རུང་ལ། ཁེ་བཟང་ཡང་ལེན་མི་རུང་། ཁྱོད་ཀྱི་དཀོན་མཆོག་ལ་གུས་ཤིང་འཇིགས་པའི་སྒོ་ནས། ཁྱོད་ཀྱི་སྤུན་ཟླ་ཁྱོད་དང་མཉམ་དུ་འཚོ་བར་བྱེད་དགོས། 37 ཁྱོད་ཀྱིས་སྐྱེད་ཀའི་དོན་དུ་ཁོ་ལ་དངུལ་བསྐྱི་མི་རུང་ལ། ཁེ་བཟང་གི་དོན་དུ་ཟས་རིགས་ཀྱང་བསྐྱི་མི་རུང་། 38 བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་ལ། ཀ་ན་ཨན་གྱི་ཡུལ་ཁྱོད་ཅག་ལ་སྦྱིན་པ་དང་ཁྱོད་རྣམས་ཀྱི་དཀོན་མཆོག་ཡིན་པའི་ཕྱིར་དུ། ཁྱོད་ཅག་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་ཡོང་བའོ། ། 39 གལ་སྲིད། ཁྱོད་ཀྱི་སྤུན་ཟླ་རིམ་བཞིན་དབུལ་པོར་གྱུར་ནས་རང་ཉིད་ཁྱོད་ལ་བཙོངས་ན། ཁྱོད་ཀྱིས་ཁོ་བྲན་གཡོག་ལྟར་བཀོལ་ནས་ཞབས་ཕྱི་སྒྲུབ་ཏུ་འཇུག་མི་རུང་། 40 ཁོ་རང་ཁྱོད་ཀྱི་རྩར་གླ་པ་དང་མགྲོན་པོ་ལྟར་ཡིན་ཞིང་། དགའ་སྟོན་གྱི་ལོའི་བར་དུ་ཁྱོད་ལ་ཞབས་ཕྱི་བསྒྲུབ་དགོས། 41 དེ་ནས་ཁོ་དང་ཁོའི་བུ་ཕྲུག་རྣམས་ཁྱོད་དང་བྲལ་ནས་མཉམ་དུ་རང་གི་ཁྱིམ་རྒྱུད་དུ་ཕྱིར་ལོག་ཅིང་། རང་གི་ཕ་མེས་ཀྱི་བདག་དབང་ཡུལ་དུ་ཕྱིར་འགྲོའོ། ། 42 ཅིའི་ཕྱིར་ཞེ་ན། ཁོ་རྣམས་ནི་བདག་གི་ཞབས་ཕྱི་ཡིན་ལ། བདག་གིས་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་འོངས་པ་ཡིན་པས། དེ་དག་བྲན་གཡོག་ཏུ་བཙོང་མི་རུང་། 43 དེ་དག་ལ་གདུག་རྩུབ་བཀོལ་ནས་དབང་སྒྱུར་མི་རུང་ལ། ཁྱོད་ཀྱི་དཀོན་མཆོག་ལ་གུས་ཤིང་འཇིགས་དགོས་སོ། ། 44 དེར་བརྟེན། ཁྱོད་ལ་མཁོ་བའི་གཡོག་པོ་གཡོག་མོ་རྣམས་ནི། ཁྱོད་ཀྱི་མཐའ་འཁོར་དུ་ཡོད་པའི་མི་རྣམས་ལས་ཡོང་བར་རིགས། ཁྱོད་ཅག་གིས་ཁོ་རྣམས་ལས་གཡོག་པོ་གཡོག་མོ་ཉོས་ཆོག་པ་ཡིན། 45 ཁྱོད་ཅག་ཁྲོད་དུ་གནས་པའི་ཕྱི་མི་དང་དེ་དག་གི་ཁྱིམ་མི་སྟེ། ཁྱོད་ཅག་གི་ཡུལ་ནས་སྐྱེས་པ་རྣམས་ཀྱི་ཁྲོད་ནས་མི་ཉོས་ཆོག་པ་ཡིན། དེ་དག་ཁྱོད་རྣམས་ཀྱི་ནོར་སྐལ་ཡིན། 46 ཁྱོད་ཅག་གིས་དེ་དག་ནི་མི་རབས་རྗེས་མའི་བུ་རྒྱུད་རྣམས་ལ་ཤུལ་བཞག་ཏུ་སྤྲད་ནས། དུས་གཏན་དུ་རྒྱུན་འཛིན་བྱས་པའི་ནོར་སྐལ་དུ་བྱས་ཏེ། དེ་དག་བྲན་གཡོག་ཏུ་བཀོལ་བར་རིགས། འོན་ཀྱང་ཁྱོད་ཀྱི་སྤུན་ཟླ་ཡེས་ར་ཨེལ་པ་རྣམས་ལ་མཚོན་ན། ཕན་ཚུན་ལ་གདུག་རྩུབ་བཀོལ་ནས་དབང་སྒྱུར་མི་རུང་ངོ་། །
དབུལ་པོ་བླུ་བ།
47 གལ་སྲིད་ཁྱོད་དང་མཉམ་དུ་གནས་པའི་ཕྱི་མིའམ་བྱེས་པ་ཞིག་རིམ་བཞིན་ཕྱུག་པོར་གྱུར་པ་དང་། ཁྱོད་ཀྱི་སྤུན་ཟླ་ཞིག་རིམ་བཞིན་དབུལ་པོར་གྱུར་ཏེ། རང་ཉིད་ཕྱི་མིའམ་བྱེས་པ་དང་། ཡང་ན་ཕྱི་མིའི་ཁྱིམ་རྒྱུད་ལས་ཆད་པའི་བུ་ཞིག་ལ་བཙོངས་པ་ཡིན་ན། 48 བཙོངས་པའི་རྗེས་སུ་རང་ཉིད་ཕྱིར་བླུ་བའི་དབང་ཡོད་དེ། ཁོའི་སྤུན་རྣམས་ལས་གཅིག་གིས་ཁོ་རང་ཕྱིར་བླུ་རུང་བ་ཡིན། 49 ཁོའི་ཁུ་བོ་དང་ཁུ་བོའི་བུ་ཡིས་ཁོ་རང་བླུ་རུང་བ་དང་། ཁོའི་ཁྱིམ་རྒྱུད་ཀྱི་ཉེ་འབྲེལ་གྱིས་ཀྱང་ཁོ་རང་བླུ་རུང་བ་ཡིན། གལ་སྲིད་ཁོ་རང་ཉིད་རིམ་བཞིན་ཕྱུག་པོར་གྱུར་ན་རང་གིས་རང་ཉིད་བླུ་ཡང་རུང་བ་ཡིན། 50 མི་དེས་རང་ཉིད་བཙོངས་པའི་ལོ་ནས་བཟུང་སྟེ། དགའ་སྟོན་གྱི་ལོའི་བར་དུ་ཁོ་རང་ཉོ་མཁན་དང་རྩིས་རྒྱག་དགོས། བཙོངས་པའི་རིན་པ་ནི་ལོ་ཡི་གྲངས་ཀ་སྟེ། གླ་པ་དང་ཉོ་བདག་མཉམ་དུ་ཡོད་པའི་ཉི་མ་ལྟར་བརྩི་དགོས་སོ། ། 51 གལ་སྲིད་ལོ་མང་པོ་ལྷག་ཡོད་ན། ལོ་ཡི་གྲངས་ཀ་བཞིན་དུ་ཉོས་པའི་རིན་ལས་ཁོའི་བླུ་རིན་ཕྱིར་སློག་དགོས། 52 དགའ་སྟོན་གྱི་ལོ་བར་དུ་ལོ་འགའ་ཤས་ལས་ལྷག་མེད་ན། ལོའི་གྲངས་ཀ་བཞིན་དུ་ཉོ་བདག་ལ་རྩིས་རྒྱག་པ་དང་། ཁོའི་བླུ་རིན་ཕྱིར་སློག་དགོས་སོ། ། 53 ཁོ་རང་ཉོ་བདག་དང་མཉམ་དུ་ལོ་རེ་བཞིན་གླ་བའི་གླ་པ་ལྟར་འདུག་དགོས་ལ། ཉོ་བདག་གིས་ཁྱོད་ཀྱི་མིག་ལམ་ནས་མི་དེར་གདུག་རྩུབ་བཀོལ་ནས་དབང་སྒྱུར་མི་རུང་། 54 གལ་སྲིད་ཁོ་རང་དེ་བཞིན་དུ་བླུ་བར་མ་འོངས་ན། དགའ་སྟོན་གྱི་ལོ་ལ་སླེབས་ཚེ་ཁོའི་བུ་ཕྲུག་རྣམས་དང་མཉམ་དུ་ཕྱིར་འགྲོ་དགོས་སོ། ། 55 ཅི་ལ་ཞེ་ན། ཡེས་ར་ཨེལ་པ་རྣམས་ནི་བདག་གི་ཞབས་ཕྱི་ཡིན་ལ། དེ་རྣམས་ནི་བདག་གིས་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་པའི་ཞབས་ཕྱི་ཡིན། བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་ནོ། །