ལེའུ་དྲུག༌པ།
ངལ་གསོ་བའི་ཉིན་གྱི་གཙོ་བོའི༌སྐོར།
ངལ་གསོ་བའི་ཉིན་ཞིག་ལ་སྐྱབས་མགོན་ཡེ་ཤུ་ཞིང་བར་བརྒྱུད་ནས་ཕེབས་པ༌དང༌། ཁོང་གི་ཐུགས་སྲས་རྣམས་ཀྱིས་འབྲུ་ཡི་སྙེ་མ་བཏོགས་ཤིང་ལག་པས་འཕུར་འཕུར་བྱས་ནས་ཟོས་སོ།། ཕ་རུ་ཤི་པ་འགའ་ཞིག་ན༌རེ། ཁྱོད་ཅག་གིས་ཅིའི་ཕྱིར་ངལ་གསོ་བའི་ཉིན་ལ་བཀའ་ཁྲིམས་དང་འགལ་བའི་ལས་བྱེད་དམ་ཞེས་སྨྲས་པ༌ལ། སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། དཱ་བིད་འཁོར་དང་བཅས་པ་བཀྲེས་ལྟོགས་བྱུང་སྐབས་ཅི་ཞིག་བྱས་པ་ཁྱོད་རྣམས་ཀྱིས་བཀླགས་མ་མྱོང༌ངམ། ཁོང་ཉིད་དཀོན་མཆོག་གི་བཞུགས་གནས་སུ་སོང་ནས་སྤྱན་བསྟར་བག་ལེབ་ཟོས་ཤིང་འཁོར་གཡོག་རྣམས་ལའང་བྱིན། སྤྱིར་བག་ལེབ་དེ་མཆོད་དཔོན་ལས་གཞན་སུས་ཀྱང་བཟའ་མི་རུང་ཞེས་གསུངས་པ༌དང༌། ཡང་འདི་སྐད༌དུ། མིའི་བུ་ནི་ངལ་གསོ་བའི་ཉིན་གྱི་གཙོ་བོ་ཡིན་ཞེས་གསུངས༌སོ།།
ཡང་ངལ་གསོ་བའི་ཉིན་གཞན་ཞིག༌ལ། སྐྱབས་མགོན་ཡེ་ཤུ་ཆོས་ཁང་དུ་ཕེབས་ནས་ཆོས་གསུངས་པ༌ན། དེ་རུ་གཡས་ལག་ཞ་བའི་མི་ཞིག་ཡོད༌དེ། མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱིས་ཁོང་ལ་སྙད་འཛུགས་པའི༌ཕྱིར། ཁོང་གིས་ངལ་གསོ་བའི་ཉིན་ལ་ནད་གསོ་མིན་ལ་བརྟག་ཆེད་ལྐོག་ནས་བལྟས་ཏེ་བསྡད་དོ།། འོན་ཀྱང་། སྐྱབས་མགོན་ཡེ་ཤུས་དེ་རྣམས་ཀྱི་བསམ་ཚུལ་མཁྱེན༌ཏེ། ལག་པ་ཡ་གཅིག་ཞ་བའི་མི་དེ་ལ་འདི་སྐད༌དུ། ཡར་ལོངས༌དང༌། དཀྱིལ་ནས་སྡོད་ཅིག་ཅེས་བཀའ་གནང༌ཞིང༌། མི་དེའང་ཡར་ལངས་ནས་བསྡད་དོ།། ཡང་སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། ངས་ཁྱོད་རྣམས་ལ་དྲི་བ་ཞིག་འདོན༌ཏེ། བཀའ་ཁྲིམས་ལྟར་ན་ངལ་གསོ་བའི་ཉིན་ལ་ལས་བཟང་པོ་བྱས་ཆོག༌གམ་ཡང་ན་ལས་ངན་པ་བྱས་ཆོག སྲོག་བསྐྱབས་ཆོག༌གམ་ཡང་ན་སྲོག་བཅད་ཆོག་ཅེས་གསུངས་པ༌དང༌། 10 ཡང་ཁོང་གིས་དེ་རྣམས་ལ་རིམ་གྱིས་གཟིགས་ཤིང་མི་ཞ་བོ་དེ་ལ་འདི་སྐད༌དུ། ཁྱོད་ཀྱིས་ལག་པ་རྐྱོངས་ཤིག་ཅེས་གསུངས་པ༌དང༌། ཁོས་ཀྱང་དེ་ལྟར་བྱས་ཤིང་ལག་པ་སོས་པར་གྱུར་ཏོ།། 11 འོན་ཀྱང་། མཁན་པོ་དང་ཕ་རུ་ཤི་པ་རྣམས་ཤིན་ཏུ་ཁྲོས་ཏེ་སྐྱབས་མགོན་ཡེ་ཤུར་ཅི་ཞིག་བྱ་བར་གྲོས་བྱས༌སོ།།
སྐུ་ཚབ་པ་བཅུ་གཉིས་བདམས༌པ།
12 དུས༌དེར། སྐྱབས་མགོན་ཡེ་ཤུ་རི་བོ་ཞིག་ལ་གསོལ་བ་འདེབས་སུ་ཕེབས་ཏེ་མཚན་གང་བོར་དཀོན་མཆོག་ལ་གསོལ་བ་བཏབ་ནས་བཞུགས་པ་རེད། 13 ནམ་ལངས༌ཚེ། ཁོང་གིས་རྗེས་འབྲང་པ་རྣམས་རང་ཉིད་ཀྱི་དྲུང་དུ་བོས་པ་དང་དེ་ལས་མི་བཅུ་གཉིས་བདམས་ཤིང་དེ་རྣམས་ལ་སྐུ་ཚབ་པ་ཞེས་བཏགས་སོ།། 14 དེ་རྣམས་ནི་ཁོང་གིས་པེ་ཏྲོ་ཞེས་བཏགས་པའི་སི་མོན་དང་དེའི་ནུ་བོ་ཨན་དྲི་ཡཱ༌དང༌། གཞན་ཡང་ཡ་ཀོབ་དང་ཡོ་ཧ༌ནན། ཕི་ལིབ་དང་པཱར་ཐོ་ལོ༌མཱ། 15 མད་ཐཱ་དང་ཐོ༌མཱ། ཨལ་ཕཱའི་བུ་ཡ་ཀོབ་དང་བརྩོན་འགྲུས་ཅན་ཟེར་བའི་སི་མོན་དང༌། 16 ཡ་ཀོབ་ཀྱི་བུ་ཡུ་དཱ་དང་ཕྱིས་སུ་ངོ་ལོག་པར་གྱུར་པའི་ཨི་སི་ཀར་རེའི་ཡུ་དཱ་བཅས༌སོ།།
བདེ་སྡུག་སྐོར་གྱི་ཆོས་གསུངས༌པ།
17-18 ཁོང་རྣམས་རི་ལས་མར་ཕེབས་ཏེ་ཐང་བདེ་མོ་ཞིག་ཏུ་བཞུགས་པ༌དང༌། ཁོང་གི་རྗེས་འབྲང་པ་གཞན་མང་པོ་ཡོད༌ལ། མི་སེར་ཤིན་ཏུ་མང་པོ་ཞིག་ཀྱང༌ཡོད། དེ་དག་ཁོང་གི་ཆོས་ལ་མཉན་པ་དང་རང་རང་གི་ནད་གསོ་བའི་ཕྱིར། ཡ་ཧུ་དཱའི་ཡུལ་ཐམས་ཅད་དང་ཡེ་རུ་སཱ་ལེམ། རྒྱ་མཚོའི་འགྲམ་གྱི་གྲོང་ཁྱེར་ཐཱར་དང་ཚི་ཏུན་བཅས་ནས་འོངས་ཤིང༌། གདོན་འདྲེས་འཁྲིལ་བ་རྣམས་ཀྱང་ཡོང་ནས་ནད་ཐམས་ཅད་སོས་པར་གྱུར་ཏོ།། 19 ཁོང་གི་སྐུ་ལས་ནུས་མཐུ་བྱུང་སྟེ་ཐམས་ཅད་སོས་པར་གྱུར༌པས། མི་ཀུན་གྱིས་ཁོང་ལ་རེག་པར་བསམས༌སོ།།
20 སྐྱབས་མགོན་ཡེ་ཤུས་དབུ་ཡར་དགྱེ་ནས་རྗེས་འབྲང་པ་རྣམས་ལ་གཟིགས་ཏེ་འདི་སྐད༌དུ། ཁྱོད་ཅག་དབུལ་པོ་རྣམས༌བདེའོ། །དཀོན་མཆོག་གི་རྒྱལ་སྲིད་ནི་ཁྱོད་ཅག་གི་ཡིན་པས༌སོ།། 21 ད་ལྟ་ཁྱོད་ཅག་བཀྲེས་ལྟོགས་མྱོང་བ་རྣམས༌བདེའོ། །ཁྱོད་ཅག་གི་ལྟོ་བ་འགྲང་ངེས་པས༌སོ། །ད་ལྟ་ཁྱོད་ཅག་ངུ་བ་རྣམས༌བདེའོ། །ཁྱོད་ཅག་དགོད་པར་འགྱུར་བའི་ཕྱིར༌རོ།། 22 མི་རྣམས་ཀྱིས་མིའི་བུ་ཡི་དོན་དུ་ཁྱོད་ཅག་ལ་སྡང་ཞིང་རྩིས་མེད་གཏོང་བ༌དང༌། ཚིག་ངན་སྨྲ༌བ། ཁྱོད་ཅག་གི་མིང་ངན་པར་བརྩིས་ནས་སྤོང་བ་བཅས་བྱེད་ན་ཁྱོད་རྣམས༌བདེའོ།། 23 ཉིན་དེའི་དུས༌སུ། ཁྱོད་ཅག་དགའ་བའི་ངང་ནས་མཆོང་ལྡིང་བྱོས༌ཤིག རྒྱུ་མཚན་ནི་ནམ་མཁའི་ཞིང་ཁམས་སུ་ཁྱོད་ཅག་ལ་བྱ་དགའ་ཆེན་པོ་ཡོད་པ་ཡིན། ཅིའི་ཕྱིར་ཞེ་ན། མི་དེ་དག་གི་མེས་པོ་རྣམས་ཀྱིས་ཀྱང་ལུང་སྟོན་པ་རྣམས་ལ་དེ་ལྟར་བྱས་མྱོང༌བའི་ཕྱིར་རོ།། 24 འོན་ཀྱང་། ཁྱོད་ཅག་ཕྱུག་པོ་རྣམས་ལ་ཆག་སྒོ་འབྱུང་ངེས༌ཏེ། ད་ལྟ་ཁྱོད་ཅག་ལ་སེམས་གསོ་ཐོབ་ཟིན་པའི་ཕྱིར༌རོ།། 25 ད་ལྟ་ཁྱོད་ཅག་ལྟོ་བ་འགྲངས་པ་རྣམས་ལ་ཆག་སྒོ་འབྱུང་ངེས༌ཏེ། ཁྱོད་ཅག་ལ་རྗེས་སུ་བཀྲེས་ལྟོགས་འབྱུང་བར་འགྱུར། ད་ལྟ་ཁྱོད་ཅག་དགོད་པ་རྣམས་ལ་ཆག་སྒོ་འབྱུང་ངེས༌ཏེ། ཕྱིས་སུ་ཁྱོད་ཅག་གིས་མྱ་ངན་བྱེད་ཅིང་ངུ་བར་འགྱུར། 26 མི་ཀུན་གྱིས་ཁྱོད་ཅག་ལ་བསྟོད་པ་བྱེད་ན་ཁྱོད་ཅག་ལ་ཆག་སྒོ་འབྱུང་ངེས༌ཏེ། མི་དེ་དག་གི་མེས་པོ་རྣམས་ཀྱིས་ཀྱང་ལུང་སྟོན་པ་རྫུས་མ་རྣམས་ལ་དེ་ལྟར་བྱས་མྱོང་བའི་ཕྱིར་ཡིན་ཞེས་གསུངས༌སོ།།
དགྲ་ལ་བྱམས་པར་གདམས༌པ།
27 ཡང་ཁོང་གིས་འདི་སྐད༌དུ། ངས་ཁྱོད་ཅག་ཉན་མཁན་རྣམས་ལ༌སྨྲ་བར་བྱ་སྟེ། ཁྱོད་ཅག་གིས་རང་གི་དགྲ་བོ་རྣམས་ལ་བྱམས་ཤིང་བརྩེ་བར༌གྱིས། ཁྱོད་ཅག་ལ་སྡང་མཁན་རྣམས་ལའང་ལས་བཟང་པོ་བྱོས༌དང༌། 28 ཁྱོད་ཅག་ལ་སྡིགས་དམོད་བྱེད་མཁན་རྣམས་ཀྱི་དོན་དུའང་བྱིན་རླབས་ཞུས་ཤིག ཁྱོད་ཅག་ལ་གནོད་པ་བྱེད་མཁན་རྣམས་ཀྱི་ཆེད་དུའང་གསོལ་བ་ཐོབས༌ཤིག 29 སུ་ཞིག་གིས་ཁྱོད་ཀྱི་འགྲམ་པ་གཅིག་སར་འགྲམ་ལྕག་གཞུས་ན་འགྲམ་པ་གཞན་ས་ཡང་དེ་ལ་སྟོན༌ཅིག སུ་ཞིག་གིས་ཁྱོད་ཀྱི་ཕྱི་གོས་འཕྲོག་པར་བྱེད་ན་ནང་གོས་ཀྱང་འཁྱེར་དུ༌ཆུག 30 སུ་ཞིག་གིས་ཁྱོད་ལ་གང་ཞིག་སློང་བར་བྱེད་ན་དེ་ལ་བྱིན༌དང༌། སུ་ཞིག་གིས་ཁྱོད་ཀྱི་དངོས་པོ་ཕྲོགས་ན། དེ་ལས་ཕྱིར་ལེན་པར་མི༌བྱའོ།། 31 ཡང་ཁྱོད་ཅག་ལ་མི་གཞན་ལས་ཇི་ལྟར་འཐོབ་འདོད་པ་བཞིན་ཁྱོད་ཅག་གིས་ཀྱང་མི་གཞན་རྣམས་ལ་དེ་ལྟར་བྱོས༌དང༌། 32 ཁྱོད་ཅག་གིས་རང་ལ་བྱམས་མཁན་རྣམས་ལ་བྱམས་པར་བྱེད༌ན། ཁྱོད་ཅག་ལ་དྲིན་ལན་ཅི་ལ༌འཐོབ། མི་སྡིག་ཅན་རྣམས་ཀྱིས་ཀྱང་རང་ལ་བྱམས་མཁན་རྣམས་ལ་བྱམས་པར་བྱེད་དོ།། 33 ཡང་ཁྱོད་ཅག་གིས་རང་ལ་ལས་བཟང་པོ་བྱེད་མཁན་རྣམས་ལ་ལས་བཟང་པོ་བྱེད༌ན། ཁྱོད་ཅག་ལ་དྲིན་ལན་ཅི་ལ༌འཐོབ། མི་སྡིག་ཅན་རྣམས་ཀྱིས་ཀྱང་དེ་ལྟར་བྱེད་དོ།། 34 ཁྱོད་ཅག་གིས་ཕྱིར་འཐོབ་པར་རེ་བ་བཅངས་ནས་མི་གཞན་ལ་བསྐྱིས་པ་ཡིན༌ན། ཁྱོད་ཅག་ལ་དྲིན་ལན་ཅི་ལ༌འཐོབ། གྲངས་ཀ་ལྟར་ཕྱིར་ལེན་པའི་ཆེད་དུ་སྡིག་ཅན་རྣམས་ཀྱིས་ཀྱང་སྡིག་ཅན་གཞན་ལ་བསྐྱིས་པ༌ཡིན། 35 ཁྱོད་ཅག་གིས་རང་གི་དགྲ་བོ་རྣམས་ལ་བྱམས་ཤིང་ལས་བཟང་པོ་བྱོས༌དང༌། ཕྱིར་འཐོབ་པའི་རེ་བ་མི་འཛིན་པར་དེ་རྣམས་ལ་སྐྱིས༌ཤིག དཀོན་མཆོག་གིས་ཁྱོད་ཅག་ལ་བྱ་དགའ་ཆེན་པོ་གནང་ངེས་པ༌དང༌། བླ་ན་མེད་པའི་དཀོན་མཆོག་གི་བུ་དང་བུ་མོ་རུ་འགྱུར། རྒྱུ་མཚན་ནི་ཁོང་གི་བཀའ་དྲིན་མི་དྲན་པའི་མི་དང་མི་ངན་ལའང་ཁོང་གིས་ཐུགས་རྗེ་གནང་བས༌སོ།། 36 བདག་ཅག་གི་ཡབ་ནི་བྱམས་སྙིང་རྗེ་ཅན་ཡིན་པ་བཞིན་ཁྱོད་ཅག་ཀྱང་སྙིང་རྗེ་ཅན་ཡིན་དགོས་ཞེས་གསུངས༌སོ།།
མི་གཞན་གྱི་མཚང་མི་འབྱིན་པའི༌སྐོར།
37 ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་མི་གཞན་གྱི་མཚང་མ་འབྲུ་ཞིག ཁྱོད་ཅག་གི་མཚང་ཡང་མི་འབྱིན། ཁྱོད་ཅག་གིས་མི་གཞན་ལ་ཉེས་ཆད་མ་གཅོད་ཅིག ཁྱོད་ཅག་ལའང་ཉེས་ཆད་མི་གཅོད། ཁྱོད་ཅག་གིས་མི་གཞན་ཐར་དུ༌ཆུག་དང་། ཁྱོད་ཅག་ཀྱང་ཐར་བར་མཛད་ངེས༌ཡིན། 38 ཁྱོད་ཅག་གིས་མི་གཞན་ལ་བྱིན་དང་ཁྱོད་ཅག་ལའང་གནང་ངེས༌ཏེ། དཔེར་ན་བྲེ་བཟང་པོར་འབྲུ་རིགས་བྱུར་བུར་གཏམས་ཤིང་ཡང་ཡང་གནོན་བཅག་བྱས་ཏེ་སྤྲུགས་ནས་ཁྱོད་ཅག་གི་པང་དུ་བླུག་ངེས༌ཡིན། རྒྱུ་མཚན་ནི་ཁྱོད་ཅག་གིས་སྣོད་ཅི་ལྟ་བུ་ལས་མི་གཞན་ལ་བྱིན༌ན། ཁྱོད་ཅག་ལའང་སྣོད་དེ་ལྟ་བུ་ལས་གནང་བར་འགྱུར་ཞེས་གསུངས༌སོ།། 39 ཡང་སྐྱབས་མགོན་ཡེ་ཤུས་དཔེ་ལ་སྦྱར་ནས་འདི་སྐད༌དུ། ལོང་བས་ལོང་བ་ཞིག་ཁྲིད་ནས་འགྲོ་ཐུབ༌བམ། དེ་ལྟར་བྱས་ན་ལོང་བ་གཉིས་ཀ་དོང་ནང་དུ་ལྷུང་བ་མ་ཡིན༌ནམ། 40 སློབ་བུ་ནི་རང་གི་སློབ་དཔོན་ལས་ཆེན་པོ་མ་ཡིན༌པར། ཡོན་ཏན་མཐར་ཕྱིན་པ་རྣམས་ཀྱང་རང་གི་སློབ་དཔོན་དང་འདྲ་བ་ཙམ་དུ་འགྱུར། 41 ཁྱོད་ཀྱིས་རང་གི་སྤུན་ཟླའི་མིག་ནང་དུ་སྦུར་མ་ཡོད་པ་མཐོང༌ན། ཅིའི་ཕྱིར་རང་གི་མིག་ནང་དུ་གདུང་མ་ཡོད་པ་མི་མཐོང༌ངམ། 42 ཁྱོད་ཀྱིས་རང་གི་མིག་ནང་དུ་ཡོད་པའི་གདུང་མ་མཐོང་མི་ཐུབ་ནའང་རང་གི་སྤུན་ཟླ་ལ་ངས་ཁྱོད་ཀྱི་མིག་ནང་དུ་ཡོད་པའི་སྦུར་མ་ལེན་པར་བྱེད་ཅེས་ཅི་ལྟར་སྨྲ་ནུས༌སམ། ཚུལ་འཆོས་པ་ཁྱོད་ཀྱིས་ཐོག་མར་རང་གི་མིག་ནང་དུ་ཡོད་པའི་གདུང་མ་ལོངས༌དང༌། དེ་ནས་རང་གི་མིག་ཟུང་གིས་གསལ་པོར་མཐོང་ཐུབ་པས། ད་གཟོད་རང་གི་སྤུན་ཟླའི་མིག་ནང་དུ་ཡོད་པའི་སྦུར་མ་ལེན་ནུས་པ་ཡིན་ཞེས་གསུངས༌སོ།།
ལྗོན་ཤིང་དང་འབྲས་བུའི༌སྐོར་གྱི་ཆོས་གསུངས་པ།
43 ཡང་ཁོང་གིས་འདི་སྐད༌དུ། ལྗོན་ཤིང་བཟང་པོ་ལས་འབྲས་བུ་ངན་པ་མི་འབྱུང༌ལ། དེ་བཞིན་དུ་ལྗོན་ཤིང་ངན་པ་ལས་ཀྱང་འབྲས་བུ་བཟང་པོ་མི་འབྱུང༌། 44 རྒྱུ་མཚན་ནི་ལྗོན་ཤིང་རེ་རེ་ནི་རང་གི་འབྲས་བུ་ལས་ག་འདྲ་ཡིན་པ་ཤེས་ཐུབ༌སྟེ། སྤྱིར་མི་སུས་ཀྱང་ཚེར་མ་ལས་བསེ་ཡབ་ཀྱི་འབྲས་བུ་འཐོག་མི་སྲིད༌ལ། ཚེར་མ་ལས་ཀྱང་རྒུན་འབྲུམ་འཐོག་མི་སྲིད། 45 མི་བཟང་ཞིག་གིས་རང་སེམས་ཀྱི་བང་མཛོད་བཟང་པོ་ནས་དོན་བཟང་པོ་འདོན༌ཞིང༌། མི་ངན་ཞིག་གིས་རང་སེམས་ཀྱི་བང་མཛོད་ངན་པ་ནས་དོན་ངན་པ་འདོན། རྒྱུ་མཚན་ནི་སེམས་ལ་ཅི་ལྟ་བུས་བཀང༌ན། ངག་ལས་ཀྱང་དེ་ལྟ་བུ་སྨྲ་བ་ཡིན་ཞེས་གསུངས༌སོ།།
བཟོ་བ་མཁས་བླུན་གཉིས་ཀྱི་དཔེ།
46 ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་ན༌རེ། ཀྱེ། གཙོ་བོ་ལགས་གཙོ་བོ་ལགས་ཞེས་ཞུས༌ཀྱང༌། བདག་གིས་སྨྲས་པ་བཞིན་དུ་མི་བྱེད་པའི་རྒྱུ་མཚན༌ཅི་ཡིན། 47 སུ་ཞིག་བདག་གི་གམ་དུ་ཡོང་ནས་བདག་གི་བཀའ་ཐོས་ཤིང་དེ་བཞིན་དུ་བྱེད་པའི་མི་དེ་ནི་ག་འདྲ་ཡིན་པ་ངས་ཁྱོད་ཅག་ལ་སྟོན་པར་བྱའོ།། 48 མི་དེ་ནི་ཁང་པ་བཟོ་མཁན་ཞིག་གིས་ས་གཏིང་ཟབ་མོར་བསློགས་ཤིང་རྡོ་ཕ་བོང་གི་སྟེང་དུ་རྨང་གཞི་བཏིངས་པ་དང༌འདྲ། དེ་ནས་ཆུ་ལོག་བྱུང་ཚེ་ཁང་པ་འདིའི་རྨང་གཞི་བརྟན་པོ་ཡིན་པས་གཡོ་བར་མི་འགྱུར། 49 འོན་ཀྱང་། སུ་ཞིག་གིས་བདག་གི་བཀའ་ཐོས་ཀྱང་དེ་བཞིན་དུ་མི་བྱེད་པ་ནི་རྨང་གཞི་མ་བཏིངས་པར་ཁང་པ་ས་སྟེང་དུ་བརྩིགས་པའི་མི་དང༌འདྲ། དེ་ནས་ཆུ་ལོག་བྱུང་མ་ཐག་ཁང་པ་བརྡིབས་ཏེ་ཡོངས་སུ་བརླག་པ་ཡིན་ཞེས་གསུངས༌སོ།།