ལེའུ་བདུན༌པ།
བརྒྱ་དཔོན་ཞིག་གི་དད་སེམས།
སྐྱབས་མགོན་ཡེ་ཤུས་མི་རྣམས་ལ་གསུང་འདི་ཐམས་ཅད་གནང་རྗེས་ཀཱ་ཕར་ན་ཧུམ་དུ་ཕེབས་པ༌དང༌། གནས་དེར་བརྒྱ་དཔོན་ལ་རྩིས་འདང་ཆེ་བའི་གཡོག་པོ་ཞིག་ཡོད་པ་ལ་ནད་ལྕི་མོ་ཕོག་ནས་ཤི་ལ་ཉེ༌ཞིང༌། བརྒྱ་དཔོན་གྱིས་སྐྱབས་མགོན་ཡེ་ཤུའི་གནས་ཚུལ་ཐོས་ནས་ཁོང་ཉིད་ཕེབས་ཏེ་རང་གི་གཡོག་པོའི་སྲོག་སྐྱོབ་པའི༌ཕྱིར། ཡ་ཧུ་དཱའི་མི་རིགས་ཀྱི་དཔོན་རིགས་རྒན་པོ་འགའ་ཁོང་གི་དྲུང་དུ་མངགས་སོ།། ཁོ་རྣམས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་འབྱོར་ནས་ན༌རེ། ཁྱེད་ཀྱིས་བརྒྱ་དཔོན་ལ་དོན་འདི་མཛད་འོས༌ཏེ། ཁོས་རང་རེའི་མི་རྣམས་ལ་བྱམས་ཤིང་བརྩེ་བ་དང་ཆོས་ཁང་ཡང་བཞེངས་པའི་ཕྱིར་རོ་ཞེས་ཞུ་བ་ནན་གྱིས་ཞུས༌པས། སྐྱབས་མགོན་ཡེ་ཤུ་ཡང་དེ་དག་དང་མཉམ་དུ་ལམ་ལ་ཆས༌པ་དང་། བརྒྱ་དཔོན་གྱི་ཁྱིམ་དང་ཉེ་བའི་དུས༌སུ། བརྒྱ་དཔོན་གྱིས་གྲོགས་འགའ་ཁོང་གི་དྲུང་དུ་མངགས་ནས་ཁོང་ལ་ན༌རེ། ཇོ་བོ༌ལགས། ཁྱེད་ལ་འོ་བརྒྱལ་མི་བཟོ་བར༌ཞུ། ཁྱེད་ཉིད་ཕྲན་ཆུང་བདག་ལྟ་བུ་ཞིག་གི་ཁྱིམ་དུ་ཕེབས་ན་ང་རང་མི་འོས། དེའི་རྐྱེན་གྱིས་ང་རང་ཁྱེད་ཀྱི་སྐུ་དྲུང་དུ་སོང་ནས་ཁྱེད་ལ་མཇལ་ནའང་མི་འོས་པར་སྙམ་མོ།། འོན་ཀྱང་ཁྱེད་ཀྱིས་བཀའ་ཞིག་གནང་བར་མཛོད༌དང༌། བདག་གི་གཡོག་པོའི་ནད་བསལ་ངེས༌ཡིན། ང་རང་ཡང་གཞན་གྱི་དབང་འོག་ཏུ་ཡོད་པའི་མི་ཞིག་ཡིན་ཞིང་ངའི་དབང་འོག་ཏུའང་དམག་མི་ཡོད༌དེ། ངས་མི་འདིར་སོང་ཞིག་ཅེས་བཤད་ན་ཁོ་ཕར་འགྲོ་དགོས༌ཤིང༌། མི་གཞན་ལ་ཤོག་ཅིག་ཅེས་བཤད་ན་ཁོ་ཚུར་ཡོང་བ༌ཡིན། ཡང་བདག་གིས་གཡོག་པོར་ལས་ཀ་འདི་སྒྲུབས་ཤིག་ཅེས་བཤད་ན་ཁོས་ཀྱང་བསྒྲུབ་པར་འགྱུར་ཞེས་ཞུས༌སོ།། སྐྱབས་མགོན་ཡེ་ཤུས་གཏམ་དེ་གསན་ནས་ཡ་མཚན་སྐྱེས༌ཏེ། ཕྱིར་འཁོར་ནས་རང་གི་རྗེས་སུ་འབྲངས་པའི་མི་རྣམས་ལ་འདི་སྐད༌དུ། བདག་གིས་ཁྱོད་ཅག་ལ་སྨྲ་བར༌བྱ་སྟེ། བདག་གིས་ཡེས་ར་ཨེལ་མི་རིགས་ལས་ཀྱང་འདི་འདྲའི་དད་སེམས་ཆེན་པོ་ཅན་ཞིག་མཐོང་མ་མྱོང་ཞེས་གསུངས་སོ།། 10 དེ་ནས་མངགས་འོངས་པའི་མི་རྣམས་ཕྱིར་བརྒྱ་དཔོན་གྱི་ཁྱིམ་དུ་ལོག་པ༌ན། གཡོག་པོའི་ནད་སོས་ཟིན་པ་མཐོང༌ངོ༌།།
ཡུགས་མོའི་བུ་སླར་གསོན་པར་མཛད༌པ།
11 དེ་ནས་ཅང་མ་འགོར༌བར། སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་རྣམས་དང་མི་ཧ་ཅང་མང་པོ་ལྷན་དུ་ནཱ་ཨིན་གྲོང་ཁྱེར་དུ་ཕེབས༌ཤིང༌། 12 ཁོང་རྣམས་གྲོང་ཁྱེར་གྱི་མཁར་སྒོར་སླེབས་པའི༌ཚེ། ཡུགས་མོ་ཞིག་ལ་བུ་གཅིག་པུ་ཡོད་པ་ཤི༌སྟེ། གྲོང་ཁྱེར་དེའི་མི་མང་པོས་ཁོ་མོ་དང་མཉམ་དུ་བེམ་པོ་ཕྱི་རུ་སྐྱེལ་བཞིན་ཡོད་པ༌དང༌། 13 གཙོ་བོས་ཡུགས་མོ་དེ་མཐོང་ནས་སྙིང་རྗེ་དགོངས་ཏེ་མ་ངུའོ་ཞེས་གསུངས་པ༌དང༌། 14 ཁོང་ཉིད་ཁྱོགས་ཤིང་གི་གམ་དུ་ཕེབས་ཤིང་དེར་ཕྱག་གིས་རེག་པ་དང་འཁུར་མཁན་རྣམས་ཀྱང་བསྡད། ཁོང་གིས་འདི་སྐད༌དུ། ཀྱེ། གསར༌བུ། ངས་ཁྱོད་ལ་སྨྲ་བར༌བྱ་སྟེ། ཡར་ལོངས་དང་ཞེས་གསུངས་པ༌ན། 15 གཤིན་པོ་དེ་སླར་གསོན་ཞིང་ཡར་ལངས་ནས་སྐད་ཆ་སྨྲས་སོ།། ཁོང་གིས་མི་དེ་ཕྱིར་རང་གི་མ་ལ་སྤྲད་དོ།། 16 མི་ཐམས་ཅད་ངོ་མཚར་སྐྱེས་ཏེ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་ཅིང་ཕན་ཚུན་ན༌རེ། ལུང་སྟོན་པ་ཆེན་པོ་ཞིག་བདག་ཅག་གི་ཁྲོད་ནས་བྱུང༌བ་རེད། དཀོན་མཆོག་གིས་རང་གི་མི་སྡེ་ལ་གཟིགས་སྐྱོང་མཛད་དོ་ཞེས་སྨྲས༌ཤིང་། 17 སྐྱབས་མགོན་ཡེ་ཤུའི་དོན་དེ་ཡ་ཧུ་དཱའི་ཡུལ་དང་མཐའ་འཁོར་གྱི་ས་ཆ་ཀུན་ལ་ཁྱབ༌བོ།།
ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་དྲི༌བ།
18 ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སློབ་མ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུའི་དོན་དེ་ཐམས་ཅད་ཡོ་ཧ་ནན་ལ་སྨྲས༌པས། 19 ཁོས་རང་གི་སློབ་མ་གཉིས་བོས་ནས་གཙོ་བོའི་དྲུང་དུ་མངགས་ཏེ། མ་འོངས་པར་ཕེབས་ངེས་པ་དེ་ཉིད་ནི་ཁྱེད་རང་ཡིན༌ནམ། ཡང་ན་ངེད་ཅག་གིས་ད་དུང་གཞན་ཞིག་ལ་བསྒུག་དགོས་ཞེས་ཞུས་པ་རེད། 20 སློབ་མ་དེ་གཉིས་ཀྱང་ཁོང་གི་དྲུང་དུ་སོང་ནས་ན་རེ། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ངེད་གཉིས་མངགས་ཏེ། མ་འོངས་པར་ཕེབས་ངེས་པ་དེ་ཉིད་ནི་ཁྱེད་རང་ཡིན༌ནམ། ཡང་ན་ངེད་ཅག་གིས་ད་དུང་གཞན་ཞིག་ལ་བསྒུག་དགོས་ཞེས་ཁོང་ལ་ཞུས་སོ།། 21 དུས་དེར་སྐྱབས་མགོན་ཡེ་ཤུས་ནད་རིགས་སྣ་ཚོགས་འཇོམས་ནས་གནོད་སྐྱོན་བསལ་བ་དང་། གདོན་འདྲེ་ཕྱིར་བསྐྲད༌ཅིང་ལོང་བ་མང་པོར་མཐོང་བར་མཛད། 22 ཁོང་གིས་དེ་གཉིས་ལ་དྲིས་ལན་དུ། ཁྱོད་གཉིས་ཕྱིར་སོང༌ཞིག ལོང་བའི་མིག་གིས་མཐོང་ཞིང་གྱོལ་པོ་རྣམས་འགྲོ་བ༌དང༌། མཛེ་ནད་བསལ་ཞིང་འོན་པའི་རྣ་བས་ཐོས་པ༌དང༌། གཤིན་པོ་རྣམས་ཀྱང་སླར་གསོན་པོར་གྱུར་པ༌དང༌། དབུལ་འཕོངས་རྣམས་ལ་འཕྲིན་བཟང་བསྒྲགས་པ་སོགས་ཁྱོད་གཉིས་ཀྱི་མཐོང་ཐོས་དེ་རྣམས་ཡོ་ཧ་ནན་ལ་ཤོད༌ཅིག 23 བདག་གི་རྐྱེན་གྱིས་དད་པ་མི་ཉམས་པ་རྣམས་བདེའོ་ཞེས་གསུངས༌སོ།།
24 ཡོ་ཧ་ནན་གྱིས་མངགས་པའི་མི་དེ་གཉིས་ཕྱིར་སོང༌རྗེས། སྐྱབས་མགོན་ཡེ་ཤུས་ཡོ་ཧ་ནན་གྱི་གནས་ཚུལ་སྐོར་མི་ཚོགས་ལ་འདི་ལྟར་གསུངས་པ་སྟེ། དེ་སྔོན་ཁྱོད་རྣམས་དབེན་སྟོང་དུ་ཅི་ཞིག་ལ་བལྟ་རུ་སོང༌ངམ། རླུང་གིས་གཡོས་པའི་འདམ་རྩྭ་ཞིག་ལ་བལྟ་རུ་སོང་བ་ཡིན༌ནམ། 25 ཡང་ན་སྲབ་ཅིང་འཇམ་པའི་གོས་ཆེན་གྱོན་པའི་མི་ཞིག་ལ་བལྟ་རུ་སོང༌ངམ། ལུས་ལ་གོས་ཆེན་གྱོན་ཞིང་ཟས་ནོར་ལོངས་སྤྱོད་ལ་བདེ་བར་རོལ་བའི་མི་རྣམས་ནི་རྒྱལ་པོའི་ཕོ་བྲང་དུ་ཡོད་པ་ཡིན། 26 འོ་ན་ཁྱོད་ཅག་གནས་དེར་ཅི་ཞིག་ལ་བལྟ་རུ་སོང་བ་ཡིན༌ནམ། ཡང་ན་ལུང་སྟོན་པ་ཞིག་ལ་བལྟ་རུ་སོང༌ངམ། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱའོ།། དེ་ལགས༌སོ། །ཡོ་ཧ་ནན་ནི་ལུང་སྟོན་པ་ལས་མཆོག་ཏུ་གྱུར་པ་ཡིན། 27 དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ།
བདག་གི་ཕོ་ཉ་ཁྱོད་ཀྱི་མདུན་དུ༌མངགས།།
ཁྱོད་ཀྱི་ལམ་ནི་གྲ་སྒྲིག་བྱེད་ལ༌ལྟོས།།
ཞེས་བཀོད་པ་དེ་ནི་ཁོའི་སྐོར་ཡིན༌ནོ།། 28 བདག་གིས་ཁྱོད་ཅག་ལ་སྨྲ་བར༌བྱ་སྟེ། མ་ཡིས་བཙས་པ་ཐམས་ཅད་ཀྱི་ཁྲོད་ནས་ཁྲུས་གསོལ་མཁན་ཡོ་ཧ་ནན་ལས་མཆོག་ཏུ་གྱུར་པ་གཅིག་ཀྱང་མེད། འོན་ཀྱང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ནང་དུ་ཐམས་ཅད་ལས་ཆུང་བ་དེའང་ཡོ་ཧ་ནན་ལས་ཆེན་པོ་ཡིན་ཞེས་གསུངས༌པ་དང་། 29 མི་སེར་དང་ཁྲལ་ལེན་མཁན་རྣམས་ཡོ་ཧ་ནན་གྱི་དྲུང་དུ་ཁྲུས་གསོལ་ལ་ཞུགས་མྱོང་བས་ཁོ་ཚོས་སྐྱབས་མགོན་ཡེ་ཤུའི་གསུང་དེ་ཐོས༌རྗེས། དཀོན་མཆོག་ནི་བདེན་ཅིང་ཡང་དག་པར་ཁས་བླངས་པ་ཡིན་མོད། 30 འོན་ཀྱང་། ཕ་རུ་ཤི་པ་དང་བཀའ་ཁྲིམས་ཀྱི་མཁས་པ་རྣམས་ཡོ་ཧ་ནན་གྱི་དྲུང་དུ་ཁྲུས་གསོལ་ལ་ཞུགས་མ་མྱོང༌བས། རང་གི་ཆེད་དུ་དཀོན་མཆོག་གི་ཐུགས་དགོངས་རིང་དུ་དོར་བ་ཡིན།
31 ཡང་འདི་སྐད༌དུ། དེས་ན་བདག་གིས་དུས་རབས་འདིའི་མི་རྣམས་ནི་གང་ཞིག་ལ་བསྡུར་བར༌བྱའམ། དེ་དག་ནི་ཅི་ཞིག་དང་མཚུངས་པ་ཡིན༌ནམ། 32 དེ་དག་ནི་ཁྲོམ་སྲང་དུ་སྡོད་པའི་བྱིས་པ་རྣམས་ཕན་ཚུན་ན༌རེ། ངེད་ཅག་གིས་གླིང་བུ་བུས་ཀྱང་ཁྱོད་རྣམས་བྲོ་མི་འཁྲབ། ངེད་ཅག་གིས་སྐྱོ་གླུ་བླངས་ཀྱང་ཁྱོད་རྣམས་ངུ་བ་མིན་ཞེས་ཟེར་བ་དང༌འདྲའོ།། 33 རྒྱུ་མཚན་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་ཡོང་ནས་བག་ལེབ་མ་ཟོས་ལ་རྒུན་ཆང་ཡང་མ་འཐུངས༌མོད། འོན་ཀྱང་ཁྱོད་ཅག་གིས་མི་འདི་གདོན་འདྲེས་བཟུང་འདུག་ཅེས་ཟེར་བ༌དང༌། 34 ཡང་མིའི་བུ་ཕེབས་ཏེ་བཟའ་བཏུང་ལོངས་སུ་སྤྱོད༌ཀྱང༌། ཁྱོད་ཅག་ན༌རེ། ལྟོས༌དང༌། མི་འདི་ནི་ཤ་ཆང་ལ་རྔམ་པ་ཞིག་ཡིན༌ལ། ཁྲལ་ལེན་མཁན་དང་སྡིག་ཅན་རྣམས་ཀྱི་གྲོགས་པོ་ཡིན་ཟེར་མོད། 35 འོན་ཀྱང་། ཤེས་རབ་ཀྱི་བུ་རྣམས་ཀྱིས་ཤེས་རབ་ནི་བདེན་ཅིང་ཡང་དག་པ་ཡིན་པར་ར་སྤྲོད་བྱེད་ཅེས་གསུངས༌སོ།།
སྐྱབས་མགོན་ཡེ་ཤུའི་ཞབས་ལ་སྤོས་ཆུ་བྱུགས༌པ།
36 ཡང་ཕ་རུ་ཤི་པ་ཞིག་གིས་སྐྱབས་མགོན་ཡེ་ཤུ་གདན་དྲངས༌ཤིང༌། ཁོང་ཉིད་ཀྱང་དེའི་ཁྱིམ་དུ་ཕེབས་ནས་གྲལ་ལ་བཞུགས་སོ།། 37 གནས་ཚུལ་དེ་གྲོང་ཁྱེར་དེ་རུ་ཡོད་པའི་བུད་མེད་སྡིག་ཅན་ཞིག་གིས་ཤེས༌ནས། སྤོས་ཆུས་གང་བའི་རྡོ་ཀ་མ་རུའི་བུམ་པ་ཞིག་ཁྱེར་ཡོང༌སྟེ། 38 སྐྱབས་མགོན་ཡེ་ཤུའི་སྐུ་རྒྱབ་ནས་ལངས་པ་དང་། ཡང་ཁོང་གི་ཞབས་དྲུང་དུ་ངུས་ཤིང་མིག་ཆུས་ཁོང་གི་ཞབས་བརླན་པར་བྱས་པ༌དང༌། ཁོ་མོས་རང་གི་སྐྲས་ཁོང་གི་ཞབས་ཕྱིས་ནས་འོ་ཡང་ཡང་བྱས་ཏེ་སྤོས་ཆུ་བྱུགས་སོ།། 39 སྐྱབས་མགོན་ཡེ་ཤུ་གདན་དྲངས་པའི་ཕ་རུ་ཤི་པ་དེས་དོན་དེ་མཐོང༌ནས། གལ་ཏེ་མི་འདི་ནི་ལུང་སྟོན་པ་ཞིག་ཡིན་ན་ཁོང་ལ་རེག་པའི་བུད་མེད་འདི་ནི་སུ་དང་ག་འདྲ་ཞིག་ཡིན་པ༌དང༌། ཐ་ན་སྡིག་ཅན་ཞིག་ཡིན་པའང་མཁྱེན་ནུས་པ་ཡིན་བསམས་པའོ།། 40 སྐྱབས་མགོན་ཡེ་ཤུས་ཕ་རུ་ཤི་པ་དེ་ལ་འདི་སྐད༌དུ། སི༌མོན། བདག་གིས་ཁྱོད་ལ་དོན་ཞིག་སྨྲ་བར་བྱའོ་ཞེས་གསུངས༌ཤིང༌། ཁོས་ཀྱང་སློབ་དཔོན་ལགས་གསུང་བར་མཛོད་ཅེས་ཞུས་པ༌དང༌། 41 ཡང་ཁོང་གིས་འདི་སྐད༌དུ། དེ་ཡང་བུན་བདག་ཅིག་ལ་བུ་ལོན་པ་གཉིས་ཡོད༌དེ། གཅིག་གིས་དངུལ་སྒོར་ལྔ་བརྒྱ་དང་ཅིག་ཤོས་ཀྱིས་དངུལ་སྒོར་ལྔ་བཅུའི་བུ་ལོན་ཆད་ཡོད༌ནའང༌། 42 མི་དེ་གཉིས་ཀྱིས་བུ་ལོན་འཇལ་མ་ཐུབ༌པས། བུན་བདག་གིས་སྙིང་རྗེ་སྐྱེས་ནས་མི་དེ་གཉིས་ཀྱི་བུ་ལོན་མེད་པར་བྱས་སོ།། དེས་ན་མི་དེ་གཉིས་ལས་སུ་ཞིག་གིས་ཁོ་ལ་ལྷག་པར་གཅེས་སམ་ཞེས་གསུངས་པ༌ལ། 43 སི་མོན་གྱིས་བུ་ལོན་མང་པོ་མེད་པར་བྱས་པ་དེས་ཁོ་ལ་ལྷག་ཏུ་གཅེས་སོ་སྙམ་ཞེས་ཞུས༌ཤིང༌། སྐྱབས་མགོན་ཡེ་ཤུས་ཁྱོད་ཀྱིས་སྨྲས་པ་ལེགས་སོ་ཞེས་གསུངས་པ༌དང༌། 44 ཡང་ཞལ་ཕྱིར་འཁོར་ཏེ་བུད་མེད་དེར་གཟིགས་ནས་སི་མོན་ལ་འདི་སྐད༌དུ། ཁྱོད་ཀྱིས་བུད་མེད་འདི་མཐོང་བྱུང༌ངམ། ང་རང་ཁྱོད་ཀྱི་ཁྱིམ་དུ་ཡོང་ནའང་ཁྱོད་ཀྱིས་ང་རང་ལ་རྐང་པ་བཀྲུ་བྱེད་ཀྱི་ཆུ་ཡང་མ་བླུགས༌མོད། འོན་ཀྱང་ཁོ་མོའི་མིག་ཆུས་བདག་གི་རྐང་པ་བརླན་ཞིང་སྐྲ་ཡིས་ཕྱིས། 45 ཡང་ཁྱོད་ཀྱིས་བདག་ལ་འོ་མ་བྱས༌ཀྱང༌། ཁོ་མོས་ང་རང་འདིར་ཡོང་བ་ནས་བཟུང་བདག་གི་རྐང་པར་མཚམས་མེད་པར་འོ་བྱས། 46 ཡང་ཁྱོད་ཀྱིས་བདག་གི་མགོར་སྣུམ་གྱིས་མ་བྱུགས༌ནའང༌། ཁོ་མོས་བདག་གི་རྐང་པར་སྤོས་ཆུ་བྱུགས་སོ།། 47 དེའི༌ཕྱིར། བདག་གིས་ཁྱོད་ལ་སྨྲ་བར་བྱ༌སྟེ། ཁོ་མོས་བདག་ལ་ཤིན་ཏུ་གཅེས་པས། ཁོ་མོར་སྡིག་པ་མང་པོ་ཡོད་ཀྱང་ཐམས་ཅད་བསལ་བ་ཡིན། འོན་ཀྱང་སུ་ཡི་སྡིག་པ་ཉུང་ངུ་བསལ་བ་དེས་ཉུང་ངུ་ཞིག་གཅེས་པ་ཡིན་ཞེས་གསུངས་སོ།། 48 དེ་ནས་ཁོང་གིས་བུད་མེད་དེ་ལ་ཁྱོད་ཀྱི་སྡིག་པ་བསལ་བ་ཡིན་ཞེས་གསུངས་པ༌ན། 49 ཁོང་དང་མཉམ་དུ་བཟའ་བཏུང་སྤྱད་ནས་སྡོད་པའི་མི་རྣམས་ཀྱི་སེམས་སུ་མི་འདི་ནི་སུ་ཡིན༌ནམ། ཁོང་གིས་སྡིག་པའང་བསལ་བ་ཡིན་ཞེས་བསམས་སོ།། 50 ཡང་སྐྱབས་མགོན་ཡེ་ཤུས་བུད་མེད་དེ་ལ་འདི་སྐད༌དུ། ཁྱོད་ཀྱི་དད་པས་ཁྱོད་རང་བསྐྱབས་པ་ཡིན། བདེ་བའི་ངང་ནས་ཕྱིར་སོང་ཞིག་ཅེས་གསུངས༌སོ།།