ལེའུ་ཉེར་བདུན་པ།
ཚེ་ལོ་ཕེ་ཧད་ཀྱི་བུ་མོ་རྣམས།
1 དེ་ཡང་ཡོ་སེབ་ཀྱི་བུ་མ་ནཱ་ཤེའི་ཁྱིམ་རྒྱུད་རྣམས་ལས། ཚེ་ལོ་ཕེ་ཧད་ཀྱི་བུ་མོ་རྣམས་དེ་དག་གི་དྲུང་དུ་འོངས་པ་དང་། ཚེ་ལོ་ཕེ་ཧད་ནི་ཧེ་ཕེར་གྱི་བུ་དང་། དེ་ནི་གིལ་ཨད་ཀྱི་བུ། དེ་ནི་མཱ་ཀིར་གྱི་བུ། དེ་ནི་མཱ་ན་ཤེའི་བུའོ། །ཁོའི་བུ་མོ་དེ་རྣམས་ཀྱི་མིང་ནི། མ་ལཱ་དང་། ནོ་ཨ་དང་། ཧོག་ལཱ་དང་། མིལ་ཀཱ་དང་། ཐིར་ཚ་བཅས་སོ། ། 2 དེ་དག་མཇལ་འཕྲད་གུར་མཆོག་གི་སྒོ་ཁར། མོ་ཤེ་དང་མཆོད་དཔོན་ཨེ་ལི་ཨ་ཟར་དང་འགོ་དཔོན་རྣམས་དང་། མི་ཚོགས་ཡོངས་ཀྱི་མདུན་དུ་འགྲེང་སྟེ་ན་རེ། 3 ངེད་ཅག་གི་ཕ་ནི་དབེན་སྟོང་དུ་ཤི་བ་དང་། ཁོ་ནི་དཀོན་མཆོག་ཡ་ཝཱེ་ལ་རྒོལ་བར་མཉམ་དུ་འདུས་པའི་མི་རྣམས་ཀྱི་ཁྲོད་དུ་མེད་ལ། ཀོ་རཱག་གི་ཕྱོགས་ཁག་ལའང་མི་གཏོགས། ཁོ་ནི་རང་གི་སྡིག་པའི་དབང་གིས་ཤི་བ་དང་ཁོ་ལ་བུ་ཡང་མེད་དོ། ། 4 ངེད་ཅག་གི་ཕ་ལ་བུ་མེད་པའི་རྐྱེན་གྱིས་ཁོའི་མིང་རང་གི་ཁྱིམ་རྒྱུད་ལས་མེད་པར་བཟོས་པ་ཅི་ཡིན་ནམ། ངེད་ཅག་གི་ཕ་ཡི་སྤུན་ཟླ་ཚོའི་ཁྲོད་དུ་ང་ཚོ་ལ་བགོ་སྐལ་གནང་བར་མཛོད་ཅེས་ཞུས། 5 དེ་ནས་མོ་ཤེ་ཡིས་ཁོ་རྣམས་ཀྱི་ཞུ་བ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཞུས་སོ། །
6 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 7 ཚེ་ལོ་ཕེ་ཧད་ཀྱི་བུ་མོ་རྣམས་ཀྱིས་སྨྲས་པ་ལུགས་དང་མཐུན་པ་ཡིན། ཁྱོད་ཀྱིས་དེ་དག་གི་ཕ་ཡི་སྤུན་ཟླའི་ཁྲོད་ནས་དེ་དག་ལ་བགོ་སྐལ་སྤྲོད་དགོས། དེ་དག་གི་ཕ་ཡི་བགོ་སྐལ་ཁོ་ཚོ་ལ་སྤྲོད་དགོས་སོ། ། 8 ཡང་ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྨྲོས་ཤིག མི་ཞིག་འཆི་བའི་དུས་སུ་བུ་མེད་པ་ཡིན་ན་མི་དེའི་བགོ་སྐལ་ཁོའི་བུ་མོར་སྤྲོད་དགོས་པ་དང་། 9 ཁོ་ལ་བུ་མོ་མེད་ན་ཁོའི་བགོ་སྐལ་དེའི་སྤུན་ཟླ་རྣམས་ལ་སྤྲོད་པར་བྱའོ། ། 10 ཁོ་ལ་སྤུན་ཟླ་ཡང་མེད་ན་ཁོའི་བགོ་སྐལ་དེའི་ཕ་ཡི་སྤུན་རྣམས་ལ་སྤྲོད་དགོས། 11 ཁོའི་ཕ་ལ་སྤུན་ཟླ་མེད་ན་ཁོའི་བགོ་སྐལ་ནི་དེའི་ཁྱིམ་རྒྱུད་ནང་གི་རྩ་བའི་གཉེན་ཉེ་ལ་སྤྲོད་དགོས་ཤིང་། ཁོའི་བགོ་སྐལ་མི་དེར་དབང་བ་ཡིན། དེ་ནི་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་བཀའ་བཞིན་དུ། ཡེས་ར་ཨེལ་པ་རྣམས་ཀྱི་སྒྲིག་ཁྲིམས་དང་སྲོལ་ཡིག་ཡིན་ཞེས་སྨྲ་དགོས་པར་གསུངས་སོ། །
ཡོ་ཤུ་ཨ་ཡིས་མོ་ཤེའི་ལས་འགན་རྒྱུན་འཛིན་བྱས་པ།
12 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཨ་བཱ་རིམ་གྱི་རི་འདི་ལ་ཡར་འགོས་ནས་བདག་གིས་ཡེས་ར་ཨེལ་པ་རྣམས་ལ་སྤྲད་པའི་ཡུལ་དེར་ལྟོས་ཤིག 13 དེར་བལྟས་པའི་རྗེས་སུ་ཁྱོད་ཀྱང་ཁྱོད་ཀྱི་སྤུན་ཨ་རོན་བཞིན་དུ་རང་གི་རིགས་རྒྱུད་ཁྲོད་དུ་འཛོམ་པར་འགྱུར། 14 ཅི་ལ་ཞེ་ན། ཟིན་བྱ་བའི་དབེན་སྟོང་དུ་མི་ཚོགས་ཀྱིས་ངོ་རྒོལ་བྱས་པའི་དུས་སུ། ཁྱོད་རྣམས་ངའི་བཀའ་དང་འགལ་ཞིང་། ཆུ་འགྲམ་ནས་དེ་དག་གི་མདུན་དུ་ང་དམ་པར་མ་བཀུར་བའི་ཕྱིར་ཡིན་ཞེས་གསུངས། ཆུ་དེ་ནི་ཟིན་བྱ་བའི་དབེན་སྟོང་དུ་ཡོད་ལ། དེ་ནི་ཀཱ་དེའེ་ཤཱ་ཡུལ་གྱི་མེ་རི་བཱའི་ཆུ་རྣམས་ཡིན་ནོ། །
15 མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར། 16 ལུས་ཅན་ཐམས་ཅད་ཀྱི་སེམས་ཉིད་ཀྱི་དཀོན་མཆོག་ཡ་ཝཱེས་མི་ཚོགས་འདི་ལ་བདག་སྐྱོང་བྱེད་མཁན་ཞིག་བསྐོ་བར་མཛོད། 17 ཁོ་ཚོའི་མདུན་དུ་འགྲོ་འོང་བྱེད་པ་དང་། ཁོ་ཚོ་ཁྲིད་ནས་འགྲོ་འོང་བྱེད་མཁན་ཞིག་དགོས། དེ་ནི་དཀོན་མཆོག་ཡ་ཝཱེའི་མི་ཚོགས་རྫི་བོ་མེད་པའི་ལུག་དང་འདྲ་བར་མི་འགྱུར་བའི་ཕྱིར་དུའོ་ཞེས་ཞུས་པ་ལ། 18 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ནུན་གྱི་བུ་ཡོ་ཤུ་ཨ་འདེམས་དགོས་ཏེ། ཁོའི་ནང་དུ་ཐུགས་ཉིད་བཞུགས་ལ། ཁྱོད་ཀྱིས་ཁོའི་ལུས་ལ་ལག་པ་ཞོག་ཅིག * འདིར་ལུས་ལ་ལག་པ་ཞོག་ཅིག་ཅེས་པ་ནི་ལས་འགན་བསྐོ་བའི་རྣམ་པ་ཞིག་ཡིན། 19 ཁོ་ནི་མཆོད་དཔོན་ཨེ་ལི་ཨ་ཟར་དང་མི་ཚོགས་ཐམས་ཅད་ཀྱི་མདུན་ནས་འགྲེང་དུ་ཆུག་ལ། དེ་དག་གི་མཐོང་ངོར་ཁོ་ལ་ལས་འགན་སྤྲོད་ཅིག 20 ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཡོངས་ཀྱིས་ཁོའི་བཀའ་ལ་མཉན་པའི་ཕྱིར་དུ། ཁྱོད་ཀྱིས་རང་གི་དབང་ཐང་ཆ་ཤས་ཁོ་ལ་ཐོངས་ཤིག་དང་། 21 ཁོ་རང་མཆོད་དཔོན་ཨེ་ལི་ཨ་ཟར་གྱི་དྲུང་དུ་འགྲེང་ནས་འདུག་པ་དང་། ཨེ་ལི་ཨ་ཟར་གྱིས་ཡོ་ཤུ་ཨའི་ཕྱིར་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཨུའུ་རིམ་ལས་ཐུགས་བརྟག་ཞུ་བར་འགྱུར། ཁོ་དང་ཡེས་ར་ཨེལ་པ་ཐམས་ཅད་དེ། མི་ཚོགས་ཡོངས་ནི་ཨེ་ལི་ཨ་ཟར་གྱི་བཀའ་བཞིན་འགྲོ་འོང་བྱེད་དགོས་ཞེས་གསུངས་སོ། ། 22 དེ་ནས་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་བསྒྲུབས་པ་དང་། ཁོས་ཡོ་ཤུ་ཨ་ཁྲིད་འོངས་ཏེ་མཆོད་དཔོན་ཨེ་ལི་ཨ་ཟར་དང་མི་ཚོགས་ཡོངས་ཀྱི་མདུན་ནས་འགྲེང་དུ་བཅུག་ཅིང་། 23 ཁོའི་ལུས་ལ་ཕྱག་གླན་པ་དང་། དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་གནང་བའི་བཀའ་བཞིན་དུ་ཁོ་ལ་ལས་འགན་སྤྲད་དོ། །