ལེའུ་ཉེར་བརྒྱད་པ།
ཉིན་རྒྱུན་གྱི་མཆོད་པ།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 2 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་བཀའ་འདི་ལྟར་སྒོས་ཤིག ཁྱོད་རྣམས་ཀྱིས་ང་ལ་འབུལ་འོས་པའི་མཆོད་པ་སྟེ། ང་ལ་དྲི་ཞིམ་གྱི་མེ་མཆོད་དུ་འབུལ་བའི་ཞལ་ཟས་ནི་དུས་བཅད་ལྟར་གཟབ་གཟབ་བྱས་ནས་ང་ལ་འབུལ་དགོས་ཞེས་པའོ། ། 3 ཡང་ཁྱོད་ཀྱིས་དེ་རྣམས་ལ་འདི་ལྟར་སྨྲོས་ཤིག ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེ་ལ་འབུལ་དགོས་པའི་མེ་མཆོད་ནི་འདི་ལྟ་སྟེ། ཉིན་རེར་སྐྱོན་མེད་པའི་ལོ་གཅིག་ཅན་གྱི་ལུ་གུ་ཕོ་གཉིས་རེ་དུས་རྒྱུན་གྱི་སྦྱིན་སྲེག་ཏུ་འབུལ་དགོས་པ་ཡིན། 4 ལུ་གུ་གཅིག་ནི་ཞོགས་པའི་དུས་སུ་འབུལ་བ་དང་། ཅིག་ཤོས་ནི་ས་སྲོས་ཀྱི་དུས་སུ་འབུལ་དགོས། 5 གཞན་ཡང་འབྲུ་རིགས་ཀྱི་མཆོད་པའི་ཕྱིར་དུ་ཕྱེ་བཟང་པོ་ཨེ་ཕཱ་གང་གི་བཅུ་ཆ་གཅིག་ལ་སྣུམ་བརྡུངས་མ་རྫ་བུམ་གང་གི་བཞི་ཆ་གཅིག་བསྲེས་དགོས། 6 དེ་ནི་དུས་རྒྱུན་གྱི་སྦྱིན་སྲེག་ཡིན་ལ། རི་བོ་སི་ནཱ་ནས་གཏན་ལ་ཕབ་པ་སྟེ། དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་དྲི་ཞིམ་གྱི་མེ་མཆོད་ཡིན་ནོ། ། 7 ཡང་ལུ་གུ་རེའི་ཕྱིར་དུ་རྒུན་ཆང་རྫ་བུམ་གྱི་བཞི་ཆ་གཅིག་སྐྱེམས་མཆོད་དུ་འབུལ་དགོས། ཁྱོད་ཀྱིས་རྒུན་ཆང་བཙན་པོ་དེ་གནས་དམ་པ་རུ་དཀོན་མཆོག་ཡ་ཝཱེ་ལ་སྐྱེམས་མཆོད་དུ་འབུལ་དགོས་སོ། ། 8 ས་སྲོས་ཀྱི་དུས་སུ་ལུ་གུ་ཅིག་ཤོས་དེ་འབུལ་དགོས། ཞོགས་པའི་འབྲུ་རིགས་ཀྱི་མཆོད་པ་དང་། དེ་དང་མཉམ་དུ་འབུལ་བའི་སྐྱེམས་མཆོད་ནང་ལྟར་དྲི་ཞིམ་གྱི་མེ་མཆོད་དུ་དཀོན་མཆོག་ཡ་ཝཱེ་ལ་འབུལ་དགོས་སོ། །
ངལ་གསོ་བའི་ཉིན་གྱི་མཆོད་པ།
9 དེ་ནས་ངལ་གསོ་བའི་ཉིན་མོར། སྐྱོན་མེད་པའི་ལོ་གཅིག་ཅན་གྱི་ལུ་གུ་ཕོ་གཉིས་དང་། འབྲུ་རིགས་ཀྱི་མཆོད་པའི་ཕྱིར་དུ་ཨེ་ཕཱ་བཅུ་ཆ་གཉིས་ཀྱི་ཕྱེ་བཟང་པོར་སྣུམ་བསྲེས་ནས། དེ་དང་མཉམ་དུ་འབུལ་བའི་སྐྱེམས་མཆོད་བཅས་འབུལ་དགོས། 10 དེ་ནི་དུས་རྒྱུན་གྱི་སྦྱིན་སྲེག་དང་དེ་དང་མཉམ་དུ་འབུལ་བའི་སྐྱེམས་མཆོད་ཀྱི་ཕན་ཆོད་ནས་ངལ་གསོ་བའི་ཉིན་མོ་རེ་རེར་འབུལ་བའི་སྦྱིན་སྲེག་ཡིན་ནོ། །
ཟླ་རེའི་མཆོད་པ།
11 ཡང་ཟླ་རེའི་ཉིན་དང་པོར་ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་འབུལ་དགོས་ཏེ། གླང་ཐུག་གཉིས་དང་། ལུག་ཐུག་གཅིག་དང་། སྐྱོན་མེད་པའི་ལོ་གཅིག་ཅན་གྱི་ལུ་གུ་ཕོ་བདུན་བཅས་ཡིན། 12 འབྲུ་རིགས་ཀྱི་མཆོད་པ་ལ་གླང་ཐུག་རེའི་ཕྱིར་དུ་ཨེ་ཕཱ་བཅུ་ཆ་གསུམ་གྱི་ཕྱེ་བཟང་པོར་སྣུམ་བསྲེས་ནས་འབུལ་བ་དང་། འབྲུ་རིགས་ཀྱི་མཆོད་པ་ལ་ལུག་ཐུག་རེའི་ཕྱིར་དུ་ཨེ་ཕཱ་བཅུ་ཆ་གཉིས་ཀྱི་ཕྱེ་བཟང་པོར་སྣུམ་བསྲེས་ནས་འབུལ་དགོས། 13 འབྲུ་རིགས་ཀྱི་མཆོད་པ་ལ་ལུ་གུ་རེའི་ཕྱིར་དུ་ཨེ་ཕཱ་བཅུ་ཆ་གཅིག་གི་ཕྱེ་བཟང་པོར་སྣུམ་བསྲེས་ནས་འབུལ་དགོས། དེ་ནི་དྲི་ཞིམ་གྱི་སྦྱིན་སྲེག་སྟེ་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་མེ་མཆོད་ཡིན་ནོ། ། 14 དེ་དག་གི་སྐྱེམས་མཆོད་ལ། གླང་ཐུག་རེའི་ཕྱིར་དུ་རྒུན་ཆང་རྫ་བུམ་ཕྱེད་ཀ་རེ་དང་། ལུག་ཐུག་རེའི་ཕྱིར་དུ་རྒུན་ཆང་རྫ་བུམ་གྱི་གསུམ་ཆ་གཅིག་རེ། ལུ་གུ་རེའི་ཕྱིར་དུ་རྒུན་ཆང་རྫ་བུམ་གྱི་བཞི་ཆ་གཅིག་རེ་བཅས་འབུལ་དགོས་ཤིང་། དེ་ནི་ཟླ་བ་རེ་རེའི་སྦྱིན་སྲེག་ཡིན་ལ། ལོ་འཁོར་གྱི་ཟླ་བ་རེ་རེར་ཡིན་ནོ། ། 15 ཡང་ར་ཕོ་གཅིག་དཀོན་མཆོག་ཡ་ཝཱེ་ལ་སྡིག་བཤགས་མཆོད་པ་རུ་འབུལ་དགོས་ལ། དེ་ནི་དུས་རྒྱུན་གྱི་སྦྱིན་སྲེག་དང་དེ་དང་མཉམ་དུ་འབུལ་བའི་སྐྱེམས་མཆོད་ཀྱི་ཕན་ཆོད་ནས་འབུལ་བར་བྱའོ། །
པེ་སག་དུས་ཆེན་གྱི་མཆོད་པ།
16 ཟླ་བ་དང་པོའི་ཚེས་བཅུ་བཞི་ཉིན་ནི་དཀོན་མཆོག་ཡ་ཝཱེའི་པེ་སག་གི་དུས་ཆེན་ཡིན་ཏེ། 17 ཟླ་བ་དེའི་ཚེས་བཅོ་ལྔ་ནི་དུས་ཆེན་ཡིན་པས། ཉིན་བདུན་གྱི་རིང་ལ་སྐྱུར་མེད་བག་ལེབ་བཟའ་དགོས། 18 ཉིན་དང་པོར་འདུ་འཛོམས་དམ་པ་ཡོད་དགོས་ལ་རྒྱུན་ལྡན་གྱི་ལས་ཀ་གང་ཡང་བྱེད་མི་རུང་། 19 འོན་ཀྱང་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་ཏུ་མེ་མཆོད་འབུལ་དགོས་ཏེ། གླང་ཐུག་གཉིས་དང་། ལུག་ཐུག་གཅིག་དང་། ལོ་གཅིག་ཅན་གྱི་ལུ་གུ་ཕོ་བདུན་བཅས་ཡིན་ལ། དེ་ཐམས་ཅད་སྐྱོན་མེད་པ་ཡིན་དགོས་སོ། ། 20 ཡང་དེ་དང་མཉམ་དུ་འབུལ་བའི་འབྲུ་རིགས་ཀྱི་མཆོད་པ་ནི་ཕྱེ་བཟང་པོ་སྣུམ་བསྲེས་མ་ཡིན་ལ། གླང་ཐུག་རེའི་ཕྱིར་དུ་ཨེ་ཕཱ་བཅུ་ཆ་གསུམ་རེ་དང་། ལུག་ཐུག་རེའི་ཕྱིར་དུ་ཨེ་ཕཱ་བཅུ་ཆ་གཉིས་རེ་དང་། 21 ལུ་གུ་བདུན་པོ་དེ་རེ་རེའི་ཕྱིར་དུ་ཨེ་ཕཱ་བཅུ་ཆ་གཅིག་རེ་འབུལ་དགོས། 22 ཡང་ར་ཕོ་གཅིག་སྡིག་བཤགས་མཆོད་པར་ཕུལ་ནས་ཁྱོད་ཅག་གི་སྡིག་པ་བཤག་དགོས། 23 ཞོགས་པའི་སྦྱིན་སྲེག་སྟེ་དུས་རྒྱུན་གྱི་སྦྱིན་སྲེག་གི་ཕན་ཆོད་ནས་ཁྱོད་ཅག་གིས་དེ་དག་ཀྱང་འབུལ་དགོས། 24 ཁྱོད་ཅག་གིས་ཉིན་རེ་བཞིན་ཉིན་བདུན་གྱི་རིང་ལ་མཆོད་པ་དེ་རྣམས་འབུལ་དགོས་ཏེ། དཀོན་མཆོག་ཡ་ཝཱེ་ལ་ཞལ་ཟས་སུ་དྲི་ཞིམ་གྱི་མེ་མཆོད་དུ་འབུལ་བར་བྱ། དེ་ནི་དུས་རྒྱུན་གྱི་སྦྱིན་སྲེག་དང་དེའི་སྐྱེམས་མཆོད་ཀྱི་ཕན་ཆོད་ནས་འབུལ་བའོ། ། 25 ཉིན་བདུན་པར་འདུ་འཛོམས་དམ་པ་ཡོད་དགོས་ལ་རྒྱུན་ལྡན་གྱི་ལས་ཀ་གང་ཡང་བྱེད་མི་རུང་ངོ་། །
བདུན་ཕྲག་རྣམས་ཀྱི་དུས་ཆེན་གྱི་མཆོད་པ།
26 ཐོག་ཕུད་ཀྱི་ཉིན་མོ་སྟེ་བདུན་ཕྲག་རྣམས་ཀྱི་དུས་ཆེན་གྱི་ཉིན་དེར། ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེ་ལ་འབྲུ་རིགས་ཀྱི་མཆོད་པ་གསར་པ་འབུལ་བའི་ཚེ་འདུ་འཛོམས་དམ་པ་ཡོད་དགོས་ལ། རྒྱུན་ལྡན་གྱི་ལས་ཀ་གང་ཡང་བྱེད་མི་རུང་། 27 འོན་ཀྱང་སྦྱིན་སྲེག་ནི་དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་གྱི་མཆོད་པར་འབུལ་དགོས་པ་སྟེ། གླང་ཐུག་གཉིས་དང་། ལུག་ཐུག་གཅིག་དང་། ལོ་གཅིག་ཅན་གྱི་ལུ་གུ་ཕོ་བདུན་བཅས་ཡིན་ལ། 28 དེ་དག་དང་མཉམ་དུ་འབུལ་བའི་འབྲུ་རིགས་ཀྱི་མཆོད་པ་ནི་ཕྱེ་བཟང་པོ་སྣུམ་བསྲེས་མ་ཡིན་ཏེ། གླང་ཐུག་རེའི་ཕྱིར་དུ་ཨེ་ཕཱ་བཅུ་ཆ་གསུམ་རེ་དང་། ལུག་ཐུག་རེའི་ཕྱིར་དུ་ཨེ་ཕཱ་བཅུ་ཆ་གཉིས་རེ་དང་། 29 ལུ་གུ་བདུན་པོ་དེ་རེ་རེའི་ཕྱིར་དུ་ཨེ་ཕཱ་བཅུ་ཆ་གཅིག་རེ་འབུལ་དགོས། 30 ཡང་ར་ཕོ་གཅིག་ཕུལ་ནས་ཁྱོད་ཅག་གི་སྡིག་པ་བཤག་དགོས། 31 དུས་རྒྱུན་གྱི་སྦྱིན་སྲེག་དང་དེ་དང་མཉམ་དུ་འབུལ་བའི་འབྲུ་རིགས་ཀྱི་མཆོད་པའི་ཕན་ཆོད་ནས། ཁྱོད་ཅག་གིས་ད་དུང་མཆོད་པ་འདི་དག་དང་དེའི་སྐྱེམས་མཆོད་རྣམས་འབུལ་དགོས་ལ། དེ་རྣམས་སྐྱོན་མེད་པ་ཡིན་དགོས་སོ། །