ལེའུ་བཅུ་པ།
ཡེས་ར་ཨེལ་གྱི་ཚོ་པ་ཁག་གིས་ངོ་ལོག་བྱས་པ།
1 དེ་ནས་རེ་ཧབ་ཨམ་ནི་སི་ཀེམ་དུ་ཕྱིན། ཅིའི་ཕྱིར་ཞེ་ན། ཡེས་ར་ཨེལ་པ་ཐམས་ཅད་ཁོང་རྒྱལ་པོར་བསྐོ་བའི་ཆེད་དུ་སི་ཀེམ་དུ་ཕྱིན་པ་རེད། 2 སྐབས་དེར་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་ནི་སྔར་སོ་ལོ་མོན་གྱི་དྲུང་ནས་ཨེ་ཅིབ་ཡུལ་དུ་བྲོས་སོང་སྟེ་གནས་དེར་བསྡད་ཡོད་པ་དང་། ཁོས་འཕྲིན་དེ་ཐོས་པ་དང་ཨེ་ཅིབ་ཡུལ་ནས་ཕྱིར་ལོག 3 དེ་ནས་ཡེས་ར་ཨེལ་པས་མི་མངགས་ཏེ་ཁོ་རང་བོས་པ་ལ། ཁོ་དང་ཡེས་ར་ཨེལ་པ་ཐམས་ཅད་རེ་ཧབ་ཨམ་གྱི་དྲུང་དུ་འོངས་ནས་ཁོང་ལ་ན་རེ། 4 ཁྱེད་ཀྱི་ཡབ་ཀྱིས་ངེད་ཅག་ལ་གཉའ་ཤིང་ཤིན་ཏུ་ལྕི་མོ་བཀལ་བྱུང་། ད་ལྟ་ཁྱེད་ཀྱིས་ཉིད་ཀྱི་ཡབ་ཀྱིས་ངེད་ཅག་ལ་བཀལ་བའི་ངལ་ལས་དང་གཉའ་ཤིང་ལྕི་མོ་ཇེ་ཡང་དུ་གཏོང་བར་མཛོད་ཅིག དེ་ནས་ངེད་ཅག་གིས་ཁྱེད་ལ་ཞབས་ཕྱི་བསྒྲུབ་པར་བྱ་ཞེས་ཞུས་པ་དང་། 5 རེ་ཧབ་ཨམ་གྱིས་དེ་དག་ལ་ན་རེ། ཉིན་གསུམ་འགོར་རྗེས་ངའི་རྩར་ཕྱིར་ལོག་ཤོག་ཅེས་སྨྲས་པས། མི་རྣམས་སོང་ངོ་། ། 6 རྒྱལ་པོ་རེ་ཧབ་ཨམ་གྱིས་རང་གི་ཡབ་སོ་ལོ་མོན་བཞུགས་པའི་དུས་སུ་ཁོང་གི་དྲུང་དུ་ཞབས་ཕྱི་སྒྲུབ་མཁན་རྒན་པ་ཚོ་དང་བགྲོས་ནས་དེ་དག་ལ་ན་རེ། ངས་མི་རྣམས་ལ་ལན་འདེབས་པར་ཁྱེད་རྣམ་པར་དགོངས་འཆར་ཅི་ཡོད་ཅེས་དྲིས་པའི་ལན་དུ། 7 དེ་དག་གིས་ཁོང་ལ་འདི་ལྟར། གལ་ཏེ་རྒྱལ་པོ་ཁྱེད་ཀྱིས་མི་འདི་རྣམས་དྲིན་གྱིས་བསྐྱངས་ཏེ་ཁོ་རྣམས་དགའ་རུ་བཅུག་ནས་གཏམ་བཟང་པོ་སྨྲས་ན། དེ་ཚོ་རྒྱུན་ནས་རྒྱུན་དུ་ཁྱེད་ཀྱི་ཞབས་ཕྱི་བྱེད་པར་འགྱུར་ཞེས་ཞུས་མོད། 8 འོན་ཀྱང་རྒྱལ་པོས་རྒན་པ་ཚོའི་བསམ་འཆར་དེ་དང་དུ་མ་བླངས་པར། ཁོང་དང་མཉམ་དུ་ནར་སོན་ཞིང་ཁོང་གི་དྲུང་དུ་ཞབས་ཕྱི་སྒྲུབ་པའི་གཞོན་ནུ་དག་དང་བགྲོས་ནས། 9 དེ་དག་ལ་ན་རེ། མི་འདི་རྣམས་ཀྱིས་བདག་ལ་འདི་ལྟར། ཁྱེད་ཀྱི་ཡབ་ཀྱིས་ངེད་ཅག་ལ་བཀལ་བའི་གཉའ་ཤིང་ལྕི་མོ་དེ་ཇེ་ཡང་དུ་གཏོང་བར་མཛོད་ཅིག་ཅེས་ཞུས་པས། ངས་མི་འདི་རྣམས་ལ་ལན་འདེབས་པར་ཁྱོད་རྣམས་ལ་བསམ་ཚུལ་ཅི་ཡོད་ཅེས་དྲིས་པར། 10 ཁོང་དང་མཉམ་དུ་ནར་སོན་པའི་གཞོན་ནུ་དག་གིས་ཁོང་ལ་འདི་ལྟར། མི་འདི་རྣམས་ཀྱིས་རྒྱལ་པོ་ཁྱེད་ལ། ཁྱེད་ཀྱི་ཡབ་ཀྱིས་ངེད་ཅག་ལ་གཉའ་ཤིང་ཤིན་ཏུ་ལྕི་མོ་བཀལ་བྱུང་། ད་ལྟ་ཁྱེད་ཀྱིས་དེ་ཇེ་ཡང་དུ་གཏོང་བར་མཛོད་ཅེས་ཞུས་པར། ཁྱེད་ཀྱིས་ཁོ་རྣམས་ལ་འདི་ལྟར། ངའི་ཡབ་ཀྱི་རྐེད་པ་ལས་ངའི་མཐེབ་ཆུང་སྦོམ་པོ་ཡིན་པས། 11 ངའི་ཡབ་ཀྱིས་ཁྱོད་ཚོར་གཉའ་ཤིང་ལྕི་མོ་བཀལ་བ་དང་། བདག་གིས་ཁྱོད་ཚོར་དེ་ལས་ལྕི་བའི་གཉའ་ཤིང་འགེལ་ངེས། ངའི་ཡབ་ཀྱིས་ཁྱོད་ཚོར་རྟ་ལྕག་གིས་གཞུས་པ་དང་། ངས་ཁྱོད་ཚོར་སྡིག་པ་ར་ཙ་ཅན་གྱི་རྟ་ལྕག་གིས་གཞུ་བར་བྱ་ཞེས་ལན་ཐོབས་ཤིག་ཅེས་སྨྲས་སོ། ། 12 ཡང་རེ་ཧབ་ཨམ་གྱིས་ཉིན་གསུམ་པར་ངའི་རྩར་ཕྱིར་ལོག་ཤོག་ཅེས་བསྒོས་པ་ལྟར་དུ། ཡེ་རོབ་ཨམ་དང་མི་ཐམས་ཅད་ཉིན་གསུམ་པར་རྒྱལ་པོའི་དྲུང་དུ་འོངས་པ་ལ། 13 རྒྱལ་པོ་རེ་ཧབ་ཨམ་གྱིས་དེ་དག་ལ་ལན་རྩུབ་པོ་མཛད་དེ། ཁོང་གིས་རྒན་པ་དག་གི་གཏམ་ལ་མ་མཉན་པར། 14 གཞོན་ནུ་དག་གི་གྲོས་བཞིན་དུ་དེ་དག་ལ་ན་རེ། ངས་ཡབ་ཀྱིས་ཁྱོད་ཚོར་གཉའ་ཤིང་ལྕི་མོ་བཀལ་བ་དང་། བདག་གིས་ཁྱོད་ཚོར་དེ་ལས་ལྕི་བའི་གཉའ་ཤིང་འགེལ་ངེས། ངའི་ཡབ་ཀྱིས་ཁྱོད་ཚོར་རྟ་ལྕག་གིས་གཞུས་པ་དང་། ངས་ཁྱོད་ཚོར་སྡིག་པ་ར་ཙ་ཅན་གྱི་རྟ་ལྕག་གིས་གཞུ་བར་བྱ་ཞེས་སྨྲས་སོ། ། 15 རྒྱལ་པོས་མི་རྣམས་ཀྱི་ཞུ་བར་མ་གསན་པ་སྟེ། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེས་ཞི་ལོ་པ་ཨ་ཧི་ཡཱའི་ངག་བརྒྱུད་ནས་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་ལ་གསུངས་པའི་བཀའ་དེ་འགྲུབ་པའི་ཕྱིར་དུ། དོན་དེ་ནི་དཀོན་མཆོག་ནས་བྱུང་བ་ཡིན་ནོ། ། 16 དེར་ཡེས་ར་ཨེལ་པ་རྣམས་ཀྱིས་རྒྱལ་པོས་ཁོ་རྣམས་ཀྱི་ཞུ་བར་མི་གསན་པ་མཐོང་བས། རྒྱལ་པོ་ལ་ལན་བཟློགས་ཏེ་འདི་ལྟར། ངེད་རྣམས་ལ་དཱ་བིད་ལས་སྐལ་ཅི་ཡོད། ངེད་རྣམས་ལ་ཡེ་སེ་ཡི་བུ་ལས་ནོར་སྐལ་ཅི་ཡང་མེད། ཀྱེ་ཡེས་ར་ཨེལ་པ་རྣམས། རང་རང་གི་ཁྱིམ་དུ་ལོག་ཅིག ཀྱེ་དཱ་བིད་ལགས། ད་ནི་རང་གི་ཁྱིམ་ལ་བདག་སྐྱོང་གྱིས་ཤིག་ཅེས་སྨྲས་ནས་ཡེས་ར་ཨེལ་པ་ཐམས་ཅད་རང་རང་གི་ཁྱིམ་དུ་ལོག 17 རེ་ཧབ་ཨམ་ནི་སྔར་བཞིན་ཡ་ཧུ་དཱའི་གྲོང་ཁྱེར་དག་ཏུ་སྡོད་པའི་ཡེས་ར་ཨེལ་པ་རྣམས་ཀྱི་རྒྱལ་པོར་བསྡད། 18 ཡང་རེ་ཧབ་ཨམ་གྱིས་སྡུག་ལས་རྒྱག་པའི་བྲན་གཡོག་རྣམས་ལ་ལྟ་སྐུལ་བྱེད་པའི་ཧ་དོ་རམ་མངགས་ནས་སོང་བ་དང་། ཡེས་ར་ཨེལ་པ་རྣམས་ཀྱིས་དེ་རྡོ་རུབ་བཏང་ནས་བསད། དེར་རྒྱལ་པོ་རེ་ཧབ་ཨམ་ནི་རྟབ་རྟབ་པོར་ཤིང་རྟར་བསྡད་ནས་ཡེ་རུ་སཱ་ལེམ་དུ་བྲོས། 19 དེ་བཞིན་ཡེས་ར་ཨེལ་པ་རྣམས་ཀྱིས་དེ་རིང་གི་བར་དུ་དཱ་བིད་ཚང་ལ་ངོ་ལོག་བྱས་པའོ། །