ལེའུ་བཅུ་གཅིག་པ།
དེ་ནས་རེ་ཧབ་ཨམ་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་ནས་ཡ་ཧུ་དཱ་དང་པེན་ཡཱ་མེན་གྱི་ཁྱིམ་རྒྱུད་བསྡུས་པ་སྟེ། བསྡོམས་པས་མི་ཆིག་འབུམ་བརྒྱད་ཁྲི་ཡོད་པ་ཐམས་ཅད་དམག་མི་དཔའ་རྩལ་ཅན་ཡིན་ལ། ཡེས་ར་ཨེལ་དང་འཐབ་ནས་རྒྱལ་སྲིད་ཕྱིར་བླངས་ཏེ་རང་ལ་འཐོབ་པའི་ཕྱིར་རོ། ། ཡིན་ཡང་དཀོན་མཆོག་གི་སྐྱེས་བུ་ཤེ་མ་ཡཱ་ལ་དཀོན་མཆོག་ཡ་ཝཱེའི་བཀའ་བྱུང་ནས་འདི་སྐད་དུ། ཁྱོད་སོང་ནས་སོ་ལོ་མོན་གྱི་སྲས་ཏེ་ཡ་ཧུ་དཱའི་རྒྱལ་པོ་རེ་ཧབ་ཨམ་དང་། ཡ་ཧུ་དཱ་དང་པེན་ཡཱ་མེན་དུ་སྡོད་པའི་ཡེས་ར་ཨེལ་པ་ཐམས་ཅད་ལ་འདི་ལྟར་སྨྲོས་ཤིག ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོ་ཡར་སོང་ནས་རང་གི་སྤུན་ཟླ་དང་དམག་རྒྱག་མི་རུང་། དོན་འདི་ནི་བདག་ལས་བྱུང་བ་ཡིན་པས། ཁྱོད་རྣམས་རང་རང་གི་ཁྱིམ་དུ་ལོག་ཅིག་གསུངས་ཞེས་སྨྲོས་ཤིག་ཅེས་གསུངས་པ་དང་། དེ་ཚོས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་མཉན་ཏེ་ཡེ་རོབ་ཨམ་ལ་འཐབ་ཏུ་མ་སོང་ངོ་། །
རེ་ཧབ་ཨམ་གྱིས་མཁར་རྣམས་བརྩིགས་པ།
རེ་ཧབ་ཨམ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་བཞུགས་ཤིང་ཡ་ཧུ་དཱ་ཡུལ་དུ་འགོག་སྲུང་གྲོང་ཁྱེར་མང་པོ་བརྩིགས་པ་སྟེ། ཁོང་གིས་པེད་ལེ་ཧེམ་དང་ཨེ་ཏམ་དང་། ཐེ་ཀོ་ཨ་དང་། པེད་ཚུར་དང་། སོ་ཀོ་དང་། ཨ་དུལ་ལཱམ་དང་། གཱད་དང་། མཱ་རེ་ཤ་དང་། ཟིབ་དང་། ཨ་དོ་རཱ་ཡིམ་དང་། ལཱ་ཀི་སི་དང་། ཨ་ཟེ་ཀཱ་དང་། 10 ཚོར་ཨ་དང་། ཨ་ཡཱ་ལོན་དང་། ཧེབ་རོན་བཅས་བརྩིགས་ཏེ། དེ་ཐམས་ཅད་ནི་ཡ་ཧུ་དཱ་དང་པེན་ཡཱ་མེན་གྱི་འགོག་སྲུང་གྲོང་ཁྱེར་ཡིན་ནོ། ། 11 ཡང་རེ་ཧབ་ཨམ་གྱིས་འགོག་སྲུང་གྲོང་ཁྱེར་དེ་རྣམས་བརྟན་པོར་བྱས་ཤིང་། དེ་དག་གི་ནང་དུ་དམག་དཔོན་བཞག་པ་དང་། རྒྱགས་ཆས་དང་སྣུམ། རྒུན་ཆང་བཅས་གྲ་སྒྲིག་བྱས་པ་རེད། 12 གྲོང་ཁྱེར་སོ་སོའི་ནང་དུ་ཕུབ་ཆེན་དང་མདུང་གྲ་སྒྲིག་བྱས་ནས་གྲོང་ཁྱེར་རབ་ཏུ་བརྟན་པོར་བྱས། དེ་བཞིན་ཡ་ཧུ་དཱ་དང་པེན་ཡཱ་མེན་གཉིས་ལ་ཁོང་གིས་དབང་སྒྱུར་བའོ། །
རེ་ཧབ་ཨམ་གྱི་ཁྱིམ་གཞིས།
13 ཡེས་ར་ཨེལ་ཡོངས་ཀྱི་མཆོད་དཔོན་དང་ལེ་ཝི་པ་རྣམས་ཡུལ་སོ་སོ་ནས་རེ་ཧབ་ཨམ་གྱི་ཕྱོགས་སུ་འོངས་པ་དང་། 14 ཡེ་རོབ་ཨམ་དང་དེའི་བུ་རྣམས་ཀྱིས་ལེ་ཝི་པ་རྣམས་ལ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་མཆོད་དཔོན་གྱི་ཞབས་ཏོག་བྱེད་དུ་མ་བཅུག་པར་ཕྱིར་བཏོན་པས། དེ་དག་གིས་རང་གི་རྩྭ་ར་དང་ནོར་སྐལ་སྤངས་ཏེ་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་དུ་འོངས། 15 ཡེ་རོབ་ཨམ་གྱིས་མཐོ་གླིང་དང་། ར་ཕོའི་རྟེན་དང་། ཁོས་བཟོས་པའི་བ་ཕྲུག་རྣམས་ཀྱི་ཕྱིར་མཆོད་དཔོན་བཞག་པ་དང་། 16 ཡེས་ར་ཨེལ་གྱི་ཚོ་པ་ཁག་ལས་སེམས་བསམ་པས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་བཙལ་འདོད་པ་རྣམས་ནི། ལེ་ཝི་པའི་རྗེས་སུ་འབྲངས་ནས་ཡེ་རུ་སཱ་ལེམ་དུ་ཡ་ཝཱེ་སྟེ་རང་གི་ཕ་མེས་ཀྱི་དཀོན་མཆོག་ལ་མཆོད་པ་འབུལ་དུ་འོངས། 17 དེ་བཞིན་ཁོ་རྣམས་ཀྱིས་ཡ་ཧུ་དཱའི་རྒྱལ་སྲིད་ཤུགས་ཆེ་རུ་བཏང་ཞིང་། སོ་ལོ་མོན་གྱི་སྲས་རེ་ཧབ་ཨམ་ལོ་གསུམ་གྱི་རིང་ལ་ཤིན་ཏུ་དར་བར་བྱས། ཅིའི་ཕྱིར་ཞེ་ན། ལོ་གསུམ་པོ་དེའི་རིང་ལ་ཁོ་རྣམས་དཱ་བིད་དང་སོ་ལོ་མོན་གྱི་ལམ་དུ་འབྲངས་སོ། །
18 རེ་ཧབ་ཨམ་གྱིས་དཱ་བིད་ཀྱི་སྲས་ཡེ་རི་མོད་ཀྱི་སྲས་མོ་མཱ་ཧ་ལད་བྱ་བ་ཁབ་ཏུ་བཞེས། ཡང་མོ་ནི་ཡེ་སེ་ཡི་སྲས་ཨེ་ལི་ཨབ་ཀྱི་སྲས་མོ་ཨ་བི་ཧ་ཡིལ་གྱི་སྲས་མོ་ཡིན་ནོ། ། 19 མཱ་ཧ་ལད་ལས་རེ་ཧབ་ཨམ་ལ་སྲས་འགའ་ཞིག་འཁྲུངས་པ་ནི། ཡེ་ཨུ་སི་དང་། ཤེ་མར་ཡཱ་དང་། ཟཱ་ཧམ་བཅས་སོ། ། 20 དེའི་རྗེས་སུ་རེ་ཧབ་ཨམ་གྱིས་ཡང་ཨབ་ཤ་ལོམ་གྱི་བུ་མོ་མ་ཨ་ཀཱ་བླངས་པ་དང་། དེ་ལས་ཁོང་ལ་སྲས་ཨ་བི་ཡཱ་དང་། ཨད་ཐ་ཨི་དང་། ཟི་ཟཱ་དང་། ཤེ་ལོ་མིད་བཅས་འཁྲུངས། 21 རེ་ཧབ་ཨམ་ལ་ཆུང་མ་བཅོ་བརྒྱད་དང་ཆུན་མ་དྲུག་ཅུ་ཡོད་དེ། དེ་རྣམས་ལས་སྲས་ཉེར་བརྒྱད་དང་སྲས་མོ་དྲུག་ཅུ་འཁྲུངས། ཁོང་གིས་ཨབ་ཤ་ལོམ་གྱི་སྲས་མོ་མ་ཨ་ཀཱ་ནི་ཆུང་མ་དང་ཆུན་མ་གཞན་རྣམས་ལས་གཅེས་སུ་བཟུང་པ་ཡིན། 22 རེ་ཧབ་ཨམ་གྱིས་མ་ཨ་ཀཱའི་སྲས་ཨ་བི་ཡཱ་བྱ་བ་དེ་རྒྱལ་ཁྲིར་འགོད་འདོད་པས། དེ་ཁོའི་སྤུན་རྣམས་ཀྱི་འགོ་དཔོན་བྱེད་ཆེད་རྒྱལ་སྲས་སུ་བཞག་ནས། 23 རེ་ཧབ་ཨམ་གྱིས་ཤེས་རབ་ལྡན་པའི་སྒོ་ནས་རང་གི་སྲས་རྣམས་ཡ་ཧུ་དཱ་དང་པེན་ཡཱ་མེན་གྱི་འགོག་སྲུང་གྲོང་ཁྱེར་སོ་སོར་བཞག་ནས། དེ་དག་ལ་རྒྱགས་ཆས་མོད་པོ་བཏང་ཞིང་ཆུང་མའང་མང་པོ་བླངས་པའོ། །