ལེའུ་བཅུ་བདུན་པ།
མཱ་ན་ཤེ་ཡིས་དབང་བསྒྱུར་པའི་ས་ཆ།
1 མཱ་ན་ཤེ་ནི་ཡོ་སེབ་ཀྱི་བུ་སྐྱེས་འགོ་ཡིན་ཞིང་། ཁོའི་ཚོ་པར་རྒྱན་འཕངས་ནས་ཐོབ་པའི་ཡུལ་ནི་འདི་ལྟ་སྟེ། མཱ་ན་ཤེའི་བུ་སྐྱེས་འགོ་སྟེ་གིལ་ཨད་ཀྱི་ཕ་མཱ་ཀིར་ནི་དཔའ་རྒོད་ཡིན་པས་གིལ་ཨད་དང་པཱ་ཤན་ཐོབ། 2 མཱ་ན་ཤེའི་བུ་རྒྱུད་གཞན་རྣམས་ཏེ། ཨ་བི་ཨེ་ཟཱེར་གྱི་བུ་རྒྱུད་དང་ཧེ་ལེག་གི་བུ་རྒྱུད། ཨ་སི་རི་ཨེལ་གྱི་བུ་རྒྱུད། ཤེ་ཀེམ་གྱི་བུ་རྒྱུད། ཧེ་ཕེར་གྱི་བུ་རྒྱུད། ཤེ་མི་ད་ཡི་བུ་རྒྱུད་བཅས་ལ་རུས་རྒྱུད་ལྟར་རྒྱན་འཕངས་ནས་ས་བགོས་པ་དང་། དེ་རྣམས་ནི་རུས་རྒྱུད་ལྟར་ཐམས་ཅད་ཡོ་སེབ་ཀྱི་བུ་མཱ་ན་ཤེ་ནས་མཆེད་པའི་སྐྱེས་པ་དག་ཡིན་ནོ། ། 3 མཱ་ན་ཤེའི་གསུམ་ཚ་དང་མཱ་ཀིར་གྱི་ཡང་ཚ། གིལ་ཨད་ཀྱི་ཚ་བོ། ཧེ་ཕེར་གྱི་བུ་ཚེ་ལོ་ཕེ་ཧད་ལ་བུ་མེད་ཅིང་། བུ་མོ་འབའ་ཞིག་ཡོད་པ་དང་། ཁོའི་བུ་མོ་རྣམས་ཀྱི་མིང་ལ་མ་ལཱ་དང་ནོ་ཨ། ཧོག་ལཱ། མིལ་ཀཱ། ཐིར་ཚ་ཞེས་བྱའོ། ། 4 དེ་རྣམས་མཆོད་དཔོན་ཨེ་ལི་ཨ་ཟར་དང་ནུན་གྱི་བུ་ཡོ་ཤུ་ཨ། འགོ་དཔོན་རྣམས་བཅས་ཀྱི་དྲུང་དུ་འོངས་ཏེ་ན་རེ། དཀོན་མཆོག་ཡ་ཝཱེས་སྔར་མོ་ཤེ་ལ་ངེད་ཅག་གི་སྤུན་རྣམས་ཀྱི་ཁྲོད་དུ་ང་ཚོ་ལ་ནོར་སྐལ་བགོ་བའི་བཀའ་གནང་ངོ་ཞེས་ཞུས་པ་ལ། ཡོ་ཤུ་ཨ་ཡིས་དཀོན་མཆོག་ཡ་ཝཱེས་ཅི་ལྟར་བཀའ་མཛད་པ་བཞིན་ཕ་ཁུ་རྣམས་ལས་ཁོ་ཚོར་ནོར་སྐལ་བགོས་སོ། ། 5 ཡོར་དན་གཙང་པོའི་ཤར་ཕྱོགས་ཀྱི་གིལ་ཨད་དང་པཱ་ཤན་ཡུལ་གཉིས་ལས་གཞན་ད་དུང་ཡུལ་གྱི་ཆ་བཅུ་མཱ་ན་ཤེ་ལ་ཐོབ་པ་སྟེ། 6 ཅི་ལ་ཟེར་ན། མཱ་ན་ཤེའི་ཚ་མོ་རྣམས་ལ་ཁོའི་ཚ་བོ་རྣམས་ཀྱི་ཁྲོད་དུ་ས་སྐལ་ཐོབ་ཟིན་པས་སོ། །གིལ་ཨད་ཡུལ་ནི་མཱ་ན་ཤེའི་བུ་རྒྱུད་གཞན་རྣམས་ལ་དབང་བ་ཡིན། 7 མཱ་ན་ཤེའི་ས་མཚམས་ནི། ཨ་ཤེར་ནས་སི་ཀེམ་གྱི་ཤར་ཕྱོགས་སུ་ཡོད་པའི་མིག་མེ་ཐད་ལ་སླེབས་ཤིང་། ཡང་ལྷོ་ཕྱོགས་སུ་ཨེན་ཐ་པུ་ཨ་པ་རྣམས་ཀྱི་ཡུལ་དུ་སླེབས། 8 ཐ་པུ་ཨ་ཡུལ་ནི་མཱ་ན་ཤེའི་ཡིན་མོད། འོན་ཀྱང་མཱ་ན་ཤེའི་ས་མཚམས་ཀྱི་ཐ་པུ་ཨ་གྲོང་ཁྱེར་ནི་ཨེ་ཕཱར་ཡིམ་གྱི་བུ་རྒྱུད་རྣམས་ཀྱི་ཡིན་ནོ། ། 9 དེའི་ས་མཚམས་ནི་ལྷོ་ཕྱོགས་སུ་ཁ་ནཱ་གྲོག་མོའི་བར་དུ་སླེབས་པ་དང་། མཱ་ན་ཤེའི་གྲོང་ཁྱེར་རྣམས་ལས་གྲོང་ཁྱེར་དེ་དག་ནི་ཐམས་ཅད་ཨེ་ཕཱར་ཡིམ་ལ་གཏོགས་པ་ཡིན། མཱ་ན་ཤེའི་ས་མཚམས་ནི་ཆུ་བོའི་བྱང་ཕྱོགས་ནས་རྒྱ་མཚོའི་ནང་དུ་འདྲེས་པའི་བར་དུ་ཡིན། 10 ལྷོ་ཕྱོགས་ཨེ་ཕཱར་ཡིམ་དང་བྱང་ཕྱོགས་མཱ་ན་ཤེའི་ཡིན་པ་དང་རྒྱ་མཚོ་ས་མཚམས་ཡིན་ལ། བྱང་ཕྱོགས་སུ་ཨ་ཤེར་ལ་སླེབས་ཤིང་ཤར་ཕྱོགས་སུ་ཡེས་སི་ཀཱར་དུ་སླེབས། 11 ཡེས་སི་ཀཱར་དང་ཨ་ཤེར་གྱི་མངའ་ཁོངས་སུ་མཱ་ན་ཤེ་ལ་ཐོབ་པ་ནི་འདི་ལྟ་སྟེ། པེད་ཤེ་ཨན་དང་དེར་གཏོགས་པའི་གྲོང་ཚོ་རྣམས་དང་། ཡིབ་ལེ་ཨམ་དང་དེར་གཏོགས་པའི་གྲོང་ཚོ་རྣམས། དཱོར་པ་རྣམས་དང་དཱོར་ལ་གཏོགས་པའི་གྲོང་ཚོ་རྣམས་བཅས་ཡོད་པ་དང་། ཡང་རི་ལ་གནས་པའི་ཡུལ་གསུམ་སྟེ། ཨེན་དོར་པ་དང་དེར་གཏོགས་པའི་གྲོང་ཚོ་རྣམས་དང་། ཐ་ཨ་ནག་པ་དང་ཐ་ཨ་ནག་ལ་གཏོགས་པའི་གྲོང་ཚོ་རྣམས། མེ་གིད་དོ་པ་རྣམས་དང་མེ་གིད་དོ་ལ་གཏོགས་པའི་གྲོང་ཚོ་རྣམས་ཡོད་པའོ། ། 12 ཡིན་ནའང་མཱ་ན་ཤེའི་བུ་རྒྱུད་རྣམས་ཀྱིས་གྲོང་ཁྱེར་དེ་དག་གི་ཡུལ་མི་རྣམས་ཕྱིར་སྐྲོད་མ་ཐུབ་པར། ཀ་ན་ཨན་པ་རྣམས་བསམ་བཞིན་དུ་ཡུལ་དེར་གནས་སོ། ། 13 ཡེས་ར་ཨེལ་པ་རྣམས་སྟོབས་འབྱོར་རྒྱས་པ་དང་ཀ་ན་ཨན་པ་རྣམས་སྡུག་ལས་ལ་སྦྱར་ཞིང་ཁོ་ཚོ་ཕྱིར་གཙང་སྐྲོད་མ་བྱས་སོ། །
ཡོ་སེབ་ཀྱི་བུ་རྒྱུད་ཀྱིས་ས་མང་པོ་འཐོབ་པའི་རེ་བ་ཞུས་པ།
14 ཡོ་སེབ་ཀྱི་བུ་རྒྱུད་ཀྱིས་ཡོ་ཤུ་ཨ་ལ། དཀོན་མཆོག་ཡ་ཝཱེས་ད་ལྟའི་བར་དུ་ངེད་རྣམས་ལ་བྱིན་རླབས་གནང་ཞིང་ང་ཚོའང་རུས་རྒྱུད་ཆེ་ཞིང་མི་མང་པོ་ཡོད་པས། ཁྱེད་ཀྱིས་ཅིའི་ཕྱིར་རྒྱན་གཅིག་འཕངས་ནས་ངེད་ཅག་ལ་ཡུལ་གཅིག་ཁོ་ན་ས་སྐལ་དུ་བགོས་པ་ཡིན་ནམ་ཞེས་སྨྲས་པ་ལ། 15 ཡོ་ཤུ་ཨ་ན་རེ། གལ་ཏེ་ཁྱོད་རྣམས་ཀྱི་རུས་རྒྱུད་ཆེ་ཞིང་མི་མང་བ་དང་། ཨེ་ཕཱར་ཡིམ་གྱི་རི་ཁུལ་དོག་པར་སྙམ་ན། ཡར་ཕེ་རེ་ཟི་པ་དང་རེ་པཱ་པའི་ཡུལ་དུ་ཕྱིན་ཏེ་ནགས་བཅད་ནས་ས་རྒོད་གཏད་ཆོག་ཅེས་སྨྲས། 16 ཡོ་སེབ་ཀྱི་བུ་རྒྱུད་རྣམས་ཀྱིས། རི་ཁུལ་དེར་ངེད་རྣམས་མི་ཤོང་བར་མ་ཟད། ཐང་ལ་གནས་པའི་ཀ་ན་ཨན་པ་རྣམས་ཏེ། པེད་ཤེ་ཨན་དུ་གནས་པ་དང་དེར་གཏོགས་པའི་གྲོང་ཚོ་རྣམས་དང་། ཡེ་སི་རེ་ཨེལ་ཐང་དུ་གནས་པ་ཐམས་ཅད་ལ་ལྕགས་ཀྱི་ཤིང་རྟ་ཡོད་དོ་ཞེས་སྨྲས། 17 ཡོ་ཤུ་ཨ་ཡིས་ཡོ་སེབ་ཀྱི་ཁྱིམ་སྟེ། ཨེ་ཕཱར་ཡིམ་དང་མཱ་ན་ཤེ་པ་རྣམས་ལ་ཇི་སྐད་དུ། ཁྱོད་ནི་རུས་རྒྱུད་ཆེ་ཞིང་མི་མང་བ་དང་། སྟོབས་འབྱོར་རྒྱས་པ་ཡིན་པས་རྒྱན་འཕེན་ཐེངས་གཅིག་གི་ཡུལ་ཙམ་འཐོབ་པར་མི་རུང་སྟེ། 18 རི་ཁུལ་ཡང་ཁྱོད་ལ་དབང་བར་འགྱུར། ནགས་ཚལ་ཡིན་ནའང་ཁྱོད་ཀྱིས་ཤིང་བཅད་ནས་ས་རྒོད་གཏད་ཆོག་པ་དང་། ས་མཐའི་བར་དུ་ཁྱོད་ལ་དབང་ངེས་ཡིན། ཀ་ན་ཨན་པ་རྣམས་ལ་ལྕགས་ཀྱི་ཤིང་རྟ་ཡོད་པ་དང་སྟོབས་འབྱོར་རྒྱས་ནའང་། ཁྱོད་ཀྱིས་ཁོ་རྣམས་ཕྱིར་སྐྲོད་ནུས་པ་ཡིན་ཞེས་སྨྲས་སོ། །