ལེའུ་བཅོ་བརྒྱད་པ།
གཞན་པའི་ཡུལ་རྣམས་བགོས་པ།
ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་ཞི་ལོ་རུ་འདུས་ཤིང་མཇལ་འཕྲད་གུར་མཆོག་གནས་དེར་བཞེངས་པ་དང་། ཡུལ་དེ་ནི་དབང་དུ་བསྡུས་ཟིན་ཏོ། ། ཡེས་ར་ཨེལ་པའི་ཁྲོད་ཀྱི་གཞན་པའི་ཚོ་པ་བདུན་ལ་ད་དུང་ས་སྐལ་མ་བགོས་པ་ཡིན། ཡོ་ཤུ་ཨ་ཡིས་ཡེས་ར་ཨེལ་པ་རྣམས་ལ། ཁྱོད་ཚོའི་མེས་པོ་རྣམས་ཀྱི་དཀོན་མཆོག་སྟེ་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་ཡུལ་དེ་ནི། ཁྱོད་རྣམས་ཀྱིས་འགོར་འགྱངས་བྱས་ནས་བདག་ཏུ་འཛིན་པར་མི་འགྲོ་བར་དུས་ནམ་ཞིག་གི་བར་དུ་སྡོད་དམ། ཁྱོད་རྣམས་ཚོ་པ་རེ་རེས་མི་གསུམ་རེ་འདེམས་པར་གྱིས་ཤིག བདག་གིས་ཁོ་རྣམས་མངག་རྒྱུ་ཡིན་པ་དང་། ཁོ་རྣམས་ལམ་དུ་ཆས་ནས་ཡུལ་དེ་ཐམས་ཅད་རྒྱུ་དགོས་ཤིང་། ཚོ་པ་རེ་རེར་འཐོབ་འོས་པའི་ས་སྐལ་གསལ་པོར་ཡི་གེར་བཀོད་ནས་ངའི་རྩར་ཕྱིར་ལོག་དགོས། ཁོ་རྣམས་ཀྱིས་ཡུལ་ཁག་བདུན་དུ་བགོ་དགོས། ཡ་ཧུ་དཱ་ནི་སྔར་བཞིན་ལྷོ་ཕྱོགས་སུ་ཁོའི་མངའ་ཁོངས་ལ་གནས་དགོས་པ་དང་། ཡོ་སེབ་ཀྱི་ཁྱིམ་ནི་སྔར་བཞིན་བྱང་ཕྱོགས་སུ་ཁོའི་མངའ་ཁོངས་ལ་གནས་དགོས། ཁྱོད་རྣམས་ཀྱིས་ཡུལ་ཁག་བདུན་དུ་བགོས་ནས་གསལ་པོར་ཡི་གེར་བཀོད་དེ་ངའི་རྩར་འཁྱེར་ཤོག་དང་། བདག་གིས་རང་ཅག་གི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཁྱོད་རྣམས་ཀྱི་ཕྱིར་རྒྱན་འཕེན་པར་བྱ། དཀོན་མཆོག་ཡ་ཝཱེ་ལ་མཆོད་དཔོན་གྱི་ལས་འགན་འཁུར་བ་ནི་ལེ་ཝི་པ་རྣམས་ཀྱི་ནོར་སྐལ་ཡིན་པས། ཁོ་ཚོར་ཁྱོད་རྣམས་ཀྱི་ཁྲོད་དུ་སྐལ་མེད་དོ། །གཱ་རྡུའི་ཚོ་པ་དང་རུ་བེན་གྱི་ཚོ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀ་བཅས་ལ་ཡོར་དན་གཙང་པོའི་ཤར་ཏུ་ས་སྐལ་ཐོབ་ཟིན་པ་སྟེ། དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེས་ཁོ་རྣམས་ལ་གནང་བ་ཡིན་ཞེས་སྨྲས་སོ། ། ས་ལ་སྐྱ་ཐིག་རྒྱག་མཁན་རྣམས་ལམ་དུ་ཆས་པའི་སྐབས་སུ། ཡོ་ཤུ་ཨ་ཡིས་དེ་རྣམས་ལ། ཁྱོད་རྣམས་ཡུལ་ཀུན་ཏུ་སོང་ལ་ས་བབ་ཡི་གེར་བཀོད་ནས་ངའི་རྩར་ཕྱིར་ཤོག་ཅིག བདག་གིས་ཞི་ལོའི་ཡུལ་འདིར་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཁྱོད་རྣམས་ཀྱི་དོན་དུ་རྒྱན་འཕེན་པར་བྱ་ཞེས་གདམས་པ་ལ། ཁོ་རྣམས་སོང་ནས་ཡུལ་ཀུན་ཏུ་རྒྱུ་ཞིང་གྲོང་ཁྱེར་རྣམས་ཁག་བདུན་དུ་བགོས་ནས་འབྲི་དེབ་སྟེང་ཡི་གེར་བཀོད་པ་དང་། ཞི་ལོའི་སྒར་ཏུ་ཡོ་ཤུ་ཨའི་རྩར་ཕྱིར་ལོག 10 དེ་ནས་ཡོ་ཤུ་ཨ་ཡིས་ཞི་ལོ་ནས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཁོ་རྣམས་ཀྱི་དོན་དུ་རྒྱན་འཕངས་པ་དང་། ཡོ་ཤུ་ཨ་ཡིས་ཡུལ་དེར་ཡེས་ར་ཨེལ་པ་རྣམས་ཀྱི་ཚོ་པ་ལྟར་ཁོ་རྣམས་ལ་ས་བགོས་སོ། །
པེན་ཡཱ་མེན་ལ་ཐོབ་པའི་ས་སྐལ།
11 པེན་ཡཱ་མེན་གྱི་ཚོ་པར་རུས་རྒྱུད་ལྟར་རྒྱན་འཕངས་ནས་ཐོབ་པའི་ཡུལ་ནི་ཡ་ཧུ་དཱའི་བུ་རྒྱུད་དང་ཡོ་སེབ་ཀྱི་བུ་རྒྱུད་གཉིས་ཀའི་བར་དུ་གནས་སོ། ། 12 བྱང་ཕྱོགས་སུ་ཁོ་རྣམས་ཀྱི་ས་མཚམས་ནི་ཡོར་དན་གཙང་པོ་ནས་ཡར་ཡེ་རུ་ཀོ་ཡི་བྱང་ངོས་སུ་བཅར་བ་དང་། ཡང་ནུབ་ཕྱོགས་སུ་རི་ཁུལ་བརྒྱུད་ནས་པེད་ཨ་ཝེན་གྱི་དབེན་སྟོང་བར་དུ་སླེབས། 13 དེ་ནས་ལྷོ་ངོས་སུ་ལོ་ཟི་དང་འབྲེལ་ཞིང་ལོ་ཟི་ལ་བཅར། ལོ་ཟི་ཞེས་པ་ནི་པེད་ཨེལ་ཡིན་ནོ། །ཡང་མར་ཨ་ཏ་རོད་ཨད་དར་ཏེ། པེད་ཧོ་རོན་ཞོལ་མའི་ལྷོ་ཕྱོགས་སུ་གནས་པའི་རི་ལ་ཉེ། 14 དེ་ནས་ནུབ་ཕྱོགས་དང་ཡང་ལྷོ་ཕྱོགས་སུ་འཁོར་ནས། པེད་ཧོ་རོན་ཁ་གཏད་ཀྱི་རི་ནས་ཡ་ཧུ་དཱ་པ་རྣམས་ཀྱི་གྲོང་ཁྱེར་ཀིར་ཡཱད་པཱ་ཨལ་དུ་སླེབས། ཀིར་ཡཱད་པཱ་ཨལ་ནི་ཀིར་ཡཱད་ཡེ་ཨ་རིམ་ཡིན་ལ། དེ་ནི་ནུབ་མཚམས་ཡིན། 15 ལྷོ་མཚམས་ནི་ཀིར་ཡཱད་ཡེ་ཨ་རིམ་གྱི་མཐའ་མཚམས་ནས་ནུབ་ཕྱོགས་སུ་ནེབ་ཐོ་ཨ་ཡི་ཆུ་མགོ་རུ་སླེབས། 16 ཡང་མར་པེན་ཧིན་ནོམ་ལུང་པའི་ཁ་གཏད་རི་བོའི་མཐའ་མཚམས་ཏེ། རེ་པཱ་པའི་ལུང་པའི་བྱང་ཕྱོགས་ཀྱི་རི་ཡིན། ཡང་མར་ཧིན་ནོམ་ལུང་པ་རུ་སླེབས་ཤིང་། ཡེ་བུ་སི་པའི་ལྷོ་ངོས་སུ་བཅར། ཡང་མར་ཨེན་རོ་གེལ་དུ་སླེབས། 17 ཡང་བྱང་ཕྱོགས་སུ་ཨེན་ཤེ་མེས་སུ་འདྲེས་ཤིང་། ཨ་དུམ་མིམ་ལ་ཡི་ཁ་གཏད་དུ་ཡོད་པའི་གིལ་ཨད་ལོད་དུ་སླེབས་པ་དང་། ཡང་མར་རུ་བེན་གྱི་བུ་པོ་ཧན་གྱི་བྲག་རྡོ་རུ་སླེབས། 18 ཡང་པེད་ཨ་ར་པ་ཡི་ཁ་གཏད་དུ་འབྲེལ་ཞིང་བྱང་ངོས་སུ་མར་ཨ་ར་པཱ་རུ་སླེབས། 19 ཡང་པེད་ཧོག་ལཱ་ཡི་བྱང་ངོས་སུ་འབྲེལ་ཞིང་། ཚྭ་མཚོའི་བྱང་ཁུག་སྟེ་ཡོར་དན་གཙང་པོའི་ལྷོ་སྣེ་རུ་འདྲེས། དེ་ནི་ལྷོ་མཚམས་ཡིན། 20 ཤར་མཚམས་ནི་ཡོར་དན་གཙང་པོ་ཡིན། དེ་ནི་པེན་ཡཱ་མེན་གྱི་མི་རྣམས་ལ་རུས་རྒྱུད་ལྟར་ཁོ་ཚོའི་ཕྱོགས་བཞི་ཡི་ས་མཚམས་ལ་བལྟས་ནས་ཐོབ་པའི་ས་སྐལ་ཡིན་པའོ། །
པེན་ཡཱ་མེན་ལ་ཐོབ་པའི་གྲོང་ཁྱེར་རྣམས།
21 པེན་ཡཱ་མེན་གྱི་ཚོ་པར་རུས་རྒྱུད་ལྟར་ཐོབ་པའི་གྲོང་ཁྱེར་ནི་ཡེ་རུ་ཀོ་དང་པེད་ཧོག་ལཱ། ཨེ་མེག་ཁེ་ཚིས། 22 པེད་ཨ་ར་པ། ཚེ་མཱ་ར་ཡིམ། པེད་ཨེལ། 23 ཨབ་ཡིམ། ཕཱ་ར། ཨོབ་རཱ། 24 ཀེ་ཕར་ཨམ་མོ་ནི། ཨོབ་ནི། གེ་བཱ་བཅས་བསྡོམས་པས་གྲོང་ཁྱེར་བཅུ་གཉིས་དང་དེ་རྣམས་ལ་གཏོགས་པའི་གྲོང་ཚོ་རྣམས་སོ། ། 25 ཡང་གིབ་ཡོན་དང་། རཱ་མ། པེ་ཨེ་རཱོད། 26 མི་ཙི་ཕེ། ཀེ་ཕི་རཱ། མོ་ཚ། 27 རེ་ཁེམ། ཡིར་ཕེ་ཨེལ། ཐ་ར་ཨ་ལ། 28 ཙེ་ལཱ། ཨེ་ལེབ། ཡེ་བུ་སི། ཡེ་བུ་སི་ནི་ཡེ་རུ་སཱ་ལེམ་ཡིན། གིབ་ཨ། ཀིར་ཡཱད་ཡེ་ཨ་རིམ་བཅས་བསྡོམས་པས་གྲོང་ཁྱེར་བཅུ་བཞི་དང་དེ་རྣམས་ལ་གཏོགས་པའི་གྲོང་ཚོ་རྣམས་སོ། །དེ་ནི་པེན་ཡཱ་མེན་པ་རྣམས་ལ་རུས་རྒྱུད་ལྟར་ཐོབ་པའི་ས་སྐལ་ཡིན་ནོ། །