ལེའུ་བཞི་པ།
༼ མག་གསར། ༽
1 ང་ཡི་སྙིང་སྡུག་ཁྱེད་ཀྱི་བྱད་གཟུགས་རབ་ཏུ་མཛེས། ། གདོང་ཁེབས་འོག་ཏུ་ཕུག་རོན་ལྟ་བུའི་མིག་ཟུང་ལྡན། ། ཁྱེད་ཀྱི་སྐྲ་ལོ་དག་ནི་གིལ་ཨད་རི་བོའི་ངོགས། ། ཐུར་དུ་འབབ་པའི་ར་ཁྱུ་དང་ནི་ཀུན་ནས་མཚུངས། ། 2 ཆ་ནི་འགྲིག་ཅིང་ཁེར་སྐྱེས་མིན་པའི་ཁྱེད་ཀྱི་ཚེམས། ། ལུག་བལ་བྲེགས་པའི་མ་མོ་དཀར་བཀྲུས་ཐོན་པ་འདྲ། ། 3 ཁྱེད་ཀྱི་མཆུ་སྒྲོས་མཚལ་གྱི་སྣལ་མ་འདྲ། ། ཁྱེད་ཀྱི་སྨྲ་སྒོ་མཛེས་ཤིང་ལྟ་ན་སྡུག ། གདོང་ཁེབས་འོག་གི་ཁྱེད་ཀྱི་མཁུར་ཚོས་ནི། ། དམར་མདངས་བཀྲ་བའི་སེ་འབྲུ་ཕྱེད་ཀ་བཞིན། ། 4 ཁྱེད་ཀྱི་མཇིང་ནི་དཱ་བིད་ཀྱིས་བརྩིགས་པའི། ། བང་རིམ་ལྡན་པའི་ལྕོག་མཁར་དང་མཚུངས་ཤིང་། ། དེ་ཡི་སྟེང་དུ་ཕུབ་ནི་སྟོང་ཕྲག་དཔྱངས། ། ཐམས་ཅད་དཔའ་རྒོད་དག་གི་ཕུབ་ཡིན་ནོ། ། 5 ཁྱེད་ཀྱི་བྲང་ཁའི་ནུ་མ་ཟུང་དེ་ནི། ། མེ་ཏོག་ཀུ་མུད་གསེབ་ཏུ་རྩྭ་ཟ་བའི། ། དགོ་བའི་དགོ་ཕྲུག་མཚེ་མར་ཀུན་ནས་མཚུངས། ། 6 ཉི་མ་ནུབ་སྟེ་བསིལ་རླུང་ལྡང་དུས་སུ། ། བདག་ནི་གུ་གུལ་རི་བོའི་ཕྱོགས་སུ་དང་། དྲི་ཞིམ་སྤོས་དཀར་སྒང་ལ་འགྲོ་བར་བྱ། ། 7 ང་ཡི་སྙིང་སྡུག་ཁྱེད་ནི་ཀུན་ནས་མཛེས། ། ཁྱེད་ཀྱི་ལུས་ལ་སྐྱོན་ཆག་གང་ཡང་མེད། ། 8 ཀྱེ་ཀྱེ་ང་ཡི་བག་མ་ལགས། ། ཁྱེད་རང་ང་དང་མཉམ་དུ་ནི། ། ལེ་པཱ་ནོན་དང་འབྲལ་བར་མཛོད། ། ལེ་པཱ་ནོན་དང་འབྲལ་བར་མཛོད། ། ཨ་མ་རཱ་དང་སེ་ནིར་དང་། ། ཧེར་མོན་རི་བོའི་རྩེ་མོ་དང་། སེང་གེའི་ཚང་དང་གཟིག་གི་རི། ། གནས་དེ་རྣམས་ལས་མར་ཐོན་ཤོག །
9 ང་ཡི་ལྕམ་དང་བག་མ་ལགས། ། ཁྱེད་ཀྱི་མིག་གིས་བལྟས་ཙམ་དང་། ། མགུལ་ལ་བརྒྱན་པའི་སྐེ་འཕྲེང་གིས། ། ང་ཡི་ཡིད་སེམས་ཀུན་ནས་ཕྲོགས། ། 10 ང་ཡི་ལྕམ་དང་བག་མ་ལགས། ། ཁྱེད་ཀྱི་བརྩེ་སེམས་མཛེས་པ་ལ། ། རྒུན་ཆང་ལས་ཀྱང་ལྷག་ཏུ་མངར། ། ཁྱེད་ཀྱི་སྤོས་ཆུའི་དྲི་ཞིམ་ནི། ། དྲི་བཟང་རིགས་ཀྱི་མཆོག་ཡིན་ནོ། ། 11 ཀྱེ་ཀྱེ་ང་ཡི་བག་མ་ལགས། ། ཁྱེད་ཀྱི་མཆུ་ལས་སྦྲང་ཚང་བཞིན། ། སྦྲང་རྩི་མངར་མོ་ཐིགས་པ་དང་། ། ལྗགས་འོག་སྦྲང་རྩི་འོ་མ་ཡོད། ། ཁྱེད་ཀྱི་ན་བཟའི་དྲི་བསུང་ནི། ། ལེ་པཱ་ནོན་གྱི་དྲི་དང་མཚུངས། ། 12 ང་ཡི་ལྕམ་དང་བག་མ་ཁྱེད། ། སྒོ་མོ་བཅད་པའི་སྐྱེད་ཚལ་དང་། ཁུངས་མིག་བཅད་པའི་ཆུ་མིག་དང་། ཁ་གཅོད་བརྒྱབ་པའི་ཁྲོན་པ་འདྲ། ། 13 ཁྱེད་ཀྱིས་བཏབ་པའི་སྐྱེད་ཚལ་དུ། ། སེ་འབྲུ་ཤིང་ལ་འབྲས་བུ་ཐོགས། ། ད་དུང་མེ་ཏོག་གླང་སྣ་དང་། ། སྤང་སྤོས་ནཱར་དིའི་ཤིང་རྣམས་ཡོད། ། 14 སྤང་སྤོས་ནཱར་དི་དང་ནི་གུར་ཀུམ་དང་། ། ཤུ་དག་ཤིང་ཚ་དང་ནི་སྤོས་དཀར་ཤིང་། ། གུ་གུལ་ཨ་ག་རུ་བཅས་རིན་ཆེན་པོའི། ། བསུང་རྫས་རིགས་ཀུན་དེ་རུ་འཛོམས་པ་ཡིན། ། 15 ཁྱེད་ནི་སྐྱེད་ཚལ་ནང་གི་ཆུ་མིག་དང་། ། ཆུ་རྒྱུན་བཞུར་བའི་ཁྲོན་པ་ཡིན་ལགས་ཤིང་། ། ལེ་པཱ་ནོན་ནས་བཞུར་བའི་ཆུ་ཀླུང་ཡིན། །
༼ བག་མ། ༽
16 ཀྱེ་ཀྱེ་བྱང་རླུང་ལྷོ་རླུང་ལྡང་བར་གྱིས། ། ང་ཡི་སྐྱེད་ཚལ་ནང་དུ་ལྡང་ནས་ནི། ། དྲི་ཞིམ་ཕྱོགས་བཞིར་འཐུལ་དུ་འཇུག་པར་མཛོད། ། ང་ཡི་དགའ་གྲོགས་རང་གི་སྐྱེད་ཚལ་དུ། ། བྱོན་ནས་ཤིང་ཏོག་མངར་མོ་བཞེས་གྱུར་ཅིག །